ཆར་ཆུའི་ཐིགས་པ།

༼ ཧུན • དུར་རོ། ༽        2024-05-29

ཁྱོད་རང་མུན་པ་སྟེ། ང་རང་འོད་སྣང་ཡིན།

ཉི་མ་ནུབ་རྗེས་ཁྱོད་རང་ཤིན་ཏུ་གསལ།

ཟླ་བ་གསལ་རྗེས་ང་རང་བླ་ལྷག་གསལ།

ནངས་མོ་ཞིག་ལ། ངེད་གཉིས།

གཞིས་ཁུལ་གཅིག་ཏུ་འཛོམས།

སྤྲིན་ནག་གི་འདུ་འགོད།

གས་སྲུབས་ཀྱི་རྨ་ཁ།

ས་གཞི་དང་ནམ་མཁའ།

ཆར་པ་དང་རླུང་བུ།

དེ་དག་ནས་དེ་དག་གི་བར།

ཁྱོད་དང་ང་ལ་དབང་།

རྩྭ་སྐྱ་ཁམ་པ།

དུད་པ་དཀར་སྐྱ།

རླུང་ལྡང་སྟེ།

སྤུར་བར་བརྩམ།

སེམས་པ་ཞིག།

ཤོག་བྱ་བཞིན།

མཁའ་ལ་འཕུར།

སྤྲིན་དང་འདྲེས།

མཐའ་ཡས་པ།

རྩྭ་ཐང་།

སེམས་ཁམས།

ཁྱོད་དང་འདྲིས།

ཟླ་བ་མ་ཤར་སྔོན་ལ།

ཟླ་ཟེར་ལ་བསྒུག།

ཁྱོད་ལའང་བསྒུག།

གཉིད་ཅིག་ཡེར་རྗེས།

ཟླ་བ་བྱོན་ཟིན།

ཁྱོད་ཀྱང་ཕེབས་ཟིན།

རྩྭ་ཐང་གི་པང་ན།

འོད་ལམ་ལམ་མཆེད།

ནམ་གུང་གི་མེ་ལྕེ།

རྟག་ཏུ་རྒྱང་རིང་ཞིག་ན།

རླུང་གིས་ཡ་ཡོ་བྱས་པའི་

མེ་ལྕེ་ལང་ལོང་ཞིག།

སྐྲ་སྣེ་ན།

ཟིལ་ཆུ་ཆུང་ཆུང་ནང་བཞིན།

རབ་རིབ་དང་མག་མོག་གི་མེ་ལྕེ།

ལན་རེ་འཛུམ་ལ།

ལན་རེ་ངུ་།

རྩྭ་ཐང་གི་མེ་ལྕེ་ལགས།

གྲག་འགུལ་མེད་སོང་།

ཐག་རིང་གི་རོལ་དབྱངས།

ངའི་ཆགས་པས་ཀྱང་ཟིན་མ་ཐུབ།

ཁེར་རྐྱང་གི་ང་ལ་ལམ་བུ་མེད།

སྐམ་ཞིང་གྱོང་བའི་སེམས་པ།

སྔར་བཞིན་འཁོར་བའི་ལམ་ཕྲན་ན་ཡོད།

སྐྱོ་ཤོས་ཅི་ཡང་མེད་པར།

གནའ་ནང་བཞིན་ལམ་བུ་མེད།

ས་དང་ལམ།

ཡངས་ཤིང་ཆེ་བའི་ས་གཞི།

ཀྱག་ཀྱོག་མང་བའི་ལམ་ཕྲན།

སྔར་བཞིན་འཁོར་བའི་མཐའ་ན་ཡོད།

ཉམས་དགའ་བའི་གནས་ཤིག་འཚོལ་བར་ཆས།

ཚོར་བའི་ཕྱི་ནང་ནས་ཁྱོད་ལ་ཤ་ཚ།

སྣང་བའི་ཀླད་འགབ་ནས་ཁྱོད་ལ་ཞེ་དམར།

མུན་པའི་གཡས་གཡོན་ནས་ཁྱོད་ལ་དཀར་

འོད་བཏང་།

ངའི་མ་འོངས་པའི་ཆུང་མ།

དོ་དགོང་གྲང་ཤུར་ཤུར་གྱི་ལྭ་བ་མནབས།

སུ་ཞིག་གི་སྨྲ་ལྕེ་རླུང་ལ་ཟད།

གང་ཞིག་གི་ལུས་སེམས་ཆུ་ལ་འདྲེས།

སུ་ཡི་དོན་དུ་ང་ཚོ་གང་ལ་ཆས།

ཁྲག་དང་མེ་ལྕེ།

རིགས་དང་རུས་པ།

ལང་ཚོ་ཟད་པའི་བགྲེས་པོ་ལགས།

རི་རབ་དང་གཙང་པོ།

རྣམ་ཤེས་ཤིག་སྐྱེ་འཆི་ལ་བྲེལ།

རླུང་དང་མེ་ལྕེ།

གཏིང་རིང་བའི་མུན་པ་ཞིག་རབ་ཏུ་བྲེལ།

ལྟོགས་སྐོམ་དང་གྲང་ངར།

སྨག་ནག་པའི་མཚན་མོ་ཞིག་ཀུན་ནས་བྲེལ།

༡༠

ཟླ་བ་གྲངས་མེད་ཅིག་ནུབ་རི་ལ་བཞུད

སྐར་ཚོགས་མཐའ་མི་མངོན་པ་ཞིག་ཤར་

ཁ་ནས་འཛུམ།

ཉི་མ་དང་བསིལ་རླུང་ཁ་རུ་མི་ཚེ་ཟེར་བའི་

ཆར་པ་ཡང་ཡང་བབས།

༡༡

རྡུལ་གྱིས་གྲུབ་པའི་མེ་ལོང་ཆེན་པོ་དེ་རུ།

ཤར་ནུབ་གྱི་མི་དང་སྐྱེ་འཆི་འབྲི་བར་བྱས།

སྐད་ཆ་དང་མི་ཚེ་ཟེར་བའི་ཡིག་འབྲུ་

འདི་གཉིས་འབྲི་བར་བྱས།

༡༢

མཆོད་སྟེགས་སྟེང་དུ་འཚུབ་རླུང་ཞིག་

ལྡང་བས།

རྨི་ལམ་དང་མར་མེ།

འཁྲུལ་སྣང་དང་སུན་སྣང་།

སླར་ཡང་ཞིང་ཁམས་གཞན་ཞིག་ལ་འཐེན་

འགྲོ་བར་བྱས།


  • ལེ་ཚན་སྔོན་མ།:དཔྱིད་ཀྱི་དཔལ་ཡོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།