ཕག་གི་མཆིན་པ་མི་ལ་སྤོ་འཛུགས་ལེགས་གྲུབ་བྱུང་འདུག

    མི་དམངས་དྲ་བ་ནས་དྲངས།    2024-05-28

ཨན་ཧུའེ་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོས་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་5ཚེས་17ཉིན། སྨན་ཁང་དེའི་དགེ་རྒན་ཆེན་མོ་སུན་པེ་ཁྲེང་ཚོགས་པ་དང་ཡུན་ནན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝུའེ་ཧུང་ཅང་ཚོགས་པས་མཉམ་ལས་བྱས་ཏེ། འཛམ་གླིང་ཐོག་གི་མི་གསོན་པོའི་ནད་ཐོག་རམ་འདེགས་ཀྱི་རིགས་གཞན་མཆིན་པ་སྤོ་འཛུགས་ཀྱི་གཤགས་བཅོས་ཐོག་མ་ལེགས་གྲུབ་བྱུང་ནས། རྒྱུད་རྒྱུ་སྒྱུར་བའི་ཕག་གི་མཆིན་པ་མཆིན་པའི་སྐྲན་ནད་ཚབས་ཆེན་ཕོག་པའི་ནད་པ་ཞིག་གི་ལུས་ཐོག་ཏུ་སྤོ་འཛུགས་བྱས་པ་རེད།
   དགེ་རྒན་ཆེན་མོ་སུན་པེ་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་རིགས་གཞན་སྤོ་འཛུགས་བྱས་པའི་ནད་པ་ནི་ལོ་71ལ་སླེབས་པའི་མཆིན་པ་གཡས་པར་འབྲས་སྐྲན་ཆེན་པོ་ཕོག་པའི་ནད་པ་ཞིག་ཡིན་པ་དང་། དེའི་ནང་ཞུགས་སོགས་སྨན་བཅོས་བྱས་པར་ཕན་ནུས་མེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་གས་ཆག་འབྱུང་སྲིད་པའི་གནས་ཚུལ་འོག ནང་མི་དང་ནད་པའི་གནས་ཚུལ་ཤེས་རྟོགས་དང་མོས་མཐུན་གང་ལེགས་ཐོབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ཨན་ཧུའེ་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོས་རིག་གཞུང་ཨུ་ཡོན་ལྷན་ཁང་དང་། ནད་ཐོག་ལག་རྩལ་གསར་པའི་མི་ཆོས་ཨུ་ཡོན་ལྷན་ཁང་། དབང་པོ་སྤོ་འཛུགས་མི་ཆོས་ཨུ་ཡོན་ལྷན་ཁང་། སྲོག་ཆགས་མི་ཆོས་ཨུ་ཡོན་ལྷན་ཁང་བཅས་སྐོང་ཚོགས་བྱས་ནས། ནད་པ་དེའི་རིགས་གཞན་རམ་འདེགས་མཆིན་པ་སྤོ་འཛུགས་ཞིབ་འཇུག་བྱ་རྒྱུ་དང་འབྲེལ་ཨན་ཧུའེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུས་ཡོད་པ་རེད།
   གཤགས་བཅོས་བྱས་རྗེས་ཀྱི་ཉིན་བདུན་ནང་དུ། ནད་པར་མྱུར་གཤིས་ཆེན་པོ་དང་མྱུར་གཤིས་རང་བཞིན་གྱི་ཕུད་འདེད་འགྱུར་འབྱུང་བྱུང་མེད་པ་དང་། ཁྲག་དཀག་མ་ལག་ལ་འགོག་རྐྱེན་མེད་པས། སྤོ་འཛུགས་བྱས་པའི་ཕག་གི་མཆིན་པས་ཉིན་རེར་གསེར་མདོག་གི་མཁྲིས་ཁུ་200mlཡས་མས་ཟགས་ཐོན་བྱེད་ཐུབ། ཤེས་རྟོགས་བྱུང་བར་གཞིགས་ན། གཤགས་བཅོས་དེ་ནི་འཛམ་གླིང་ཐོག་ཕག་ནས་མིའི་བར་གྱི་ནད་ཐོག་རམ་འདེགས་རིགས་གཞན་མཆིན་པ་སྤོ་འཛུགས་བྱེད་པའི་གཤགས་བཅོས་ཐོག་མ་དེ་ཡིན་ལ། གོ་ལ་ཧྲིལ་པོའི་ནད་ཐོག་རིགས་གཞན་དབང་པོ་སྤོ་འཛུགས་བྱེད་པའི་གཤགས་བཅོས་ལྔ་པ་དེ་ཡིན་པ། དེས་ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་འབྲེལ་ཡོད་གསོ་རིག་ཁྱབ་ཁོངས་ནང་ཚད་བརྒལ་ཆེན་པོ་ཐོབ་པ་མཚོན་གྱི་ཡོད་པ་རེད།
   “ནན་བཤད་བྱེད་དགོས་པ་ཞིག་ལ། ཕག་གི་མཆིན་པ་ཚང་མ་མིའི་ལུས་སྟེང་དུ་སྤོ་འཛུགས་བྱེད་ཆོག་པ་མ་རེད། ཕག་གི་མཆིན་པ་འདི་ནི་རྒྱུད་རྒྱུ་བསྒྲིགས་པའི་ཕག་གི་མཆིན་པ་ཞིག་དང་། རིགས་གཞན་པའི་མཆིན་པ་སྤོ་འཛུགས་ཀྱི་ནད་ཐོག་གཤགས་བཅོས་ཀྱི་ཆེད་དུ་ལེགས་སྒྱུར་གསོ་སྐྱོང་བྱས་པའི་སྐྱེ་དངོས་སྨན་སྤྱོད་དབང་པོ་ཡིན།”ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅི་སྨན་ཁང་གི་དབང་པོ་སྤོ་འཛུགས་ཞིབ་འཇུག་གི་དེ་སྔའི་སུའོ་ཀྲང་ཁྲེན་ཀྲུང་ཧྭ་ཡིས། ད་ཐེངས་གཤགས་བཅོས་ལེགས་གྲུབ་བྱུང་བ་དེས་གསོ་རིག་ལོ་རྒྱུས་ཐོག་གི་ངོ་མཚར་ཆེན་པོ་མང་དུ་བཏོད་ཡོད་དེ། ཕག་གི་མཆིན་པ་ཧྲིལ་པོ་ཇི་ལྟར་སྤོ་འཛུགས་བྱེད་པ་དང་། རིམས་འགོག་ཚོད་འགོག་རྫས་བཀོལ་བ། རིགས་གཞན་མཆིན་པ་སྤོ་འཛུགས་བྱེད་པའི་གཤགས་བཅོས་དུས་སྐབས་དོ་དམ་སོགས་གོ་ལ་ཧྲིལ་པོའི་ཚད་གཞི་བཟོས་ནས་རིགས་གཞན་མཆིན་པ་སྤོ་འཛུགས་དེ་ནད་ཐོག་ཏུ་ཞུགས་ཐུབ་པར་གྱུར་ནས་མིའི་རིགས་ཀྱི་བདེ་ཐང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།


  • ལེ་ཚན་སྔོན་མ།:མཚོ་སྔོན་རྨ་ལྷོས་མ་དངུལ་སྒོར་དུང་ཕྱུར་11.29བཏང་ནས་ཞིང་འབྲོག་པའི་བདེ་སྡོད་ཀྱི་མཐའ་ཚད་བརྟན་པོ་སྲུང་བ།
  • ལེ་ཚན་རྗེས་མ།:སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།