དཔྱིད་ཀ་སླེབས་བྱུང་།

༼ ཨ་བཙུན་གཡུང་དྲུང་བཀྲ་ཤིས། ༽        2024-05-27

དགུན་ཟླ་སྐྱ་བོའི་ལྷགས་གྲང་རྒོད་པོས་བརྟན་གཡོ་གཙེས།།

དྭངས་གཙང་རྫ་ཆུའི་ལྷང་ལྷང་འབབ་སྒྲ་འཁྱག་པས་བསྡམས།།

མིག་གི་དགའ་སྟོན་ཕུན་ཚོགས་འཛིན་མའི་ཚོན་མདངས་ཡལ།།

མི་སྡུག་རྡུལ་གྱི་རླབས་ཕྲེང་སྐྱོམ་པའི་ཟླ་འདི་སྐྱོ།།

ད་ནི་མི་སྡོད་དུས་བཞིའི་རེས་མོར་འཁོར་བའི་མུར།།

དཔྱིད་དཔལ་སྒེག་མོའི་འཛུམ་དྲོད་སྣུམ་ཞག་འཁྱིལ་ནས་སླེབས།།

གཡུ་འབྲུག་སྔོན་མོས་ངར་སྒྲའི་མགྲིན་དབྱངས་སྒྲོག་བཞིན་སླེབས།།

སྤྲིན་གྱི་རྒྱ་མཚོས་སྦྲང་ཆར་བསིལ་མ་ཁུར་ནས་སླེབས།།

མ་བྲིས་འཇའ་ཚོན་རི་མོའི་སྣང་བརྙན་མཁའ་ལ་གསལ།།

མ་བསྐོན་རི་ཚོགས་སྨུག་པའི་ཅོད་པན་མཆོར་སྒེག་ལྡན།།

མ་ཕྱེས་སྣ་ཚོགས་ཆུ་སྐྱེས་འདབ་མ་ལྷུག་ལྷུག་བཞད།།

མ་བསྐུལ་བྱ་ཁྱུས་མགྲིན་དབྱངས་སྙན་འཇེབས་ལྷང་ལྷང་སྒྲོག།

ཁོ་ར་ཁོར་ཡུག་རྩི་ཤིང་ལང་ཚོ་བརྟས་པའི་དུས།།

ཡིད་ཀྱི་མཁའ་ལ་ཉི་ཟླ་དགྱེས་པའི་འོད་ཞགས་འཁྱིལ།།

འཛུམ་པའི་ཞལ་ལ་མཆུ་སྒྲོས་བུང་བའི་འཕུར་གར་རྩེན།།

དཔྱིད་ཀྱི་དཔལ་མོས་བདག་ཡིད་བརྟན་པ་ཅིག་ཆར་འཕྲོགས།།


  • ལེ་ཚན་སྔོན་མ།:ཁོམ་སློང་མགུར་མ་སྐྱོ་ཤས་སྐད་ཅིག་མ།
  • ལེ་ཚན་རྗེས་མ།:དཔྱིད་ཀྱི་དཔལ་ཡོན།