དཔྱིད་ཀའི་དྲན་གདུང་།

༼ ལྡེའུ་ནག། ༽        2024-05-27

ནམ་ཟླ་དུས་བཞི་ལ་འགྱུར་བ་འགྲོ་བཞིན་པའི་སྒང་ལ། མི་སེམས་ལ་ཡང་འགྱུར་བ་ངང་གིས་འགྲོ་བ་འདི་ཆོས་ཉིད་ཅིག་ཡིན་པ་འདྲ། རྟག་པར་སེམས་སུ་གཏན་འཇགས་སུ་གནས་པའི་ཡུལ་ངོས་གང་ཞིག། ཚམ་ཚོམ་མེད་པར་གློ་བུར་དུ་དྲན་འོང་བ་ནི་ནམ་ཟླ་འགྱུར་བའི་ཉེར་ལེན་གྱི་དབང་གིས་ཡིན་པ་འདྲ། དེ་རིང་ཞོགས་པར་སྒེའུ་ཁུང་ལས་མིག་ཟུང་རྒྱང་ལ་སྲིང་དུས། གཡའ་དག་པའི་ནམ་མཁའ་མཐོང་བྱུང་ལ། ནམ་མཁའི་ངོགས་ཀྱི་སྤྲིན་དཀར་ཚོམ་བུ་དེ་དག་ཀྱང་མཐོང་བྱུང་། ཤར་ལྷོ་ནུབ་བྱང་ནས་འདུས་པའི་སྤྲིན་དཀར་དེ་དག་ལྷན་འཛོམས་བྱུང་རྗེས། ཐ་མར་གཞི་གཅིག་ཏུ་འདྲེས་པ་ཡང་མཐོང་བྱུང་། སྙིང་ཉེ་བའི་མི་ཨ། སྐབས་དེར་ངས་ཀྱང་ངེད་ཀྱི་མ་འོངས་པའི་ལྷན་འཛོམས་དྲན་ཡོང་གི་འདུག།

དཔྱིད་ཀ་ཚེས་པ་ལ་ཉེ་བའི་དུས་ཚིགས་འདིར། བདག་གིས་ཁྱོད་རང་དྲན་འོང་ཐེངས་རེར་ཅི་ཞིག་བྱེད་དགོས་པ་མི་ཤེས་མོད། ཕལ་ཆེར་ཐག་གཅོད་བྱ་ཐུབ་པ་ནི་སྐབས་དེ་དུས་ནང་སེམས་ཀྱི་འཕོ་འགྱུར་དེ་དག་སྣུམ་ཚོན་གྱི་རི་མོ་ཇི་བཞིན། མཐེབ་གཞོང་གི་ཙག་སྒྲའི་བར་ནས། ཉིན་ཐོ་འབྲི་བ་དེ་ཡིན་སྲིད། མ་གཞི་དྲན་གདུང་ནི་སེམས་སུ་འཆར་ཡང་ཅི་འདྲའི་ངག་ནས་བརྗོད་མི་ཐུབ་པའི་ན་ཟུག་ཅིག་རེད་ཨང་།

རེད་ཡ། ཀྱག་ཀྱོག་གི་ལམ་བུ་རིང་མོ་ཞིག་འཕྲད་ཀྱིས་རྒལ་བཞིན། ཆེས་ནོམ་པ་ལྟ་བུའི་མི་ཚེ་རིང་མོ་འདི་ཉིད་ལ་རྫོགས་ཚིག་བཀོད་རྗེས། མཐར་ཅི་ཡང་ཐོབ་པ་མེད་པར་ཁ་རོག་གེར་འདུག་དགོས་བྱུང་ན། སྐབས་དེ་དུས་མི་སུ་ལའང་འགྱོད་གདུང་སྐྱེ་སྲིད་དམ། ཕན་ཚུན་བར་ལ་ཤ་ཚ་བ་དང་སྙིང་ཉེ་བའི་འབྲེལ་ཐག་གིས་དམ་དུ་སྦྲེལ་ཡོད་ན་ཡང་། སྟབས་སྟེས་དབང་དང་། ལས་སྨོན་ལམ་གྱི་དབང་གིས་དྲན་གདུང་ཡོད་ཚད་ནམ་མཁའི་སྤྲིན་དཀར་ཕོན་པོ་ནང་བཞིན། སིལ་བུ་ནས་སིལ་བུར་དུ་འཐོར་བར་གྱུར་ན་ནང་སེམས་སུ་རྨ་ཁ་ཟབ་མོ་ཅི་འདྲ་ཡོད་ངེས་ཨང་།

ད་ནི་དེ་དག་དྲན་པར་མི་བྱ་སྟེ། དེ་ནི་ལུགས་ལྡོག་གི་བརྩེ་བ་དང་དྲན་གདུང་ཞིག་ཡིན་པ་ལས། ལུགས་འབྱུང་གི་བརྩེ་བ་དང་། དྲན་གདུང་ཞིག་གཏན་ནས་མིན། དེ་བས་ངའི་སེམས་ཀྱི་ཡོལ་གོའི་ངོས་སུ་དཀར་གསལ་གྱི་ཟླ་བ་གཞོན་ནུའི་ལང་ཚོ་ལ་གཡའ་མ་ཆགས་པའི་ཁྱེད་རང་། བདག་གིས་རྒྱུ་སྐར་འབུམ་ཕྲག་མང་པོའི་ཁྲོད་ནས་བདམས་གསེས་བྱས་རྗེས། ང་ཡི་འཚོ་བའི་སྒེའུ་ཁུང་དུ་འཛུལ་བ་ནས་བཟུང་། རྟག་ཏུ་དྲན་བཞིན་ཡོད་ལ། རྟག་ཏུ་དྲན་པའི་དཀྱེལ་ཡངས་མོར་ཚ་ལམ་ལམ་དུ་མཆེད་པའི་མེ་ལྕེ་ཞིག་དང་འདྲ་མོ་འདུག་ལ། འོད་ལམ་ལམ་དུ་འཚེར་བའི་གཙང་པོའི་ནང་གི་ཟླ་གཟུགས་ལས་ཀྱང་མཛེས་པར་འདུག།

མདོར་ན་ང་ཡི་སེམས་སུ། དྲན་གདུང་གི་བསུང་ཞིམ་འཐུལ་བའི་ཁྱོད་རང་། འཇིག་རྟེན་གྱི་དངོས་པོ་གང་གིས་མཚོན་པར་མི་ནུས་པའི་ཡིད་དུ་འོང་བའི་རྒྱ་གར་ཤར་གྱི་རྨ་བྱ་དེ་ཡིན་ལ། ཀོང་ཡུལ་མཐིལ་གྱི་ནེ་ཙོ་དེ་ཡང་ཡིན། མ་ཟད་དབྱར་ཟླ་ལྔ་བའི་དཔྱིད་དཔལ་རྒྱས་པའི་དུས་ཀྱི་ཨུ་དུམ་ཝཱ་ར་དེ་ཡང་ཡིན།


  • ལེ་ཚན་སྔོན་མ།:ལས་ངན་སྤྲང་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།