བརྩེ་དུངས་དང་གྱེས་བྲལ།

མདའ་ཅང་ཤེས།        2024-04-22

     ད་ལྟ་ང་རང་འབྱམས་ཀླས་པའི་ལྷིང་འཇགས་ཀྱི་རྩྭ་ཐང་འདིའི་འཇིངས་སུ་འགྲེངས་ནས་དྲན་གདུང་དང་བརྩེ་དུངས་ཀྱིས་བཞག་པའི་འཇིག་རྟེན་གྱི་ཁ་ཆད་མང་པོ་ཞིག་ཡང་བསྐྱར་དྲན་པར་བྱེད། ཉི་ཟེར་གྱིས་དཀྲིས་པའི་མཚམས་སྤྲིན་གྱི་ཕུང་པོ་རེ་རེ་ཡང་དྲན་པ་དང་འདྲ་བར་མུན་ནག་གི་བང་རིམ་འགྲིམས་པ་འདི་ཅི་ཞིག། སྐྱོ་ངལ་ནི་ཁ་བ་བཞིན་ལྷབ་ལྷུབ་ཏུ་འབབ་འགྲོ་བ་ཞིག་ཀྱང་མ་ཡིན་པར་གཙང་པོ་བཞིན་ནང་སེམས་ལ་འཁྱིལ་འགྲོ་བ་ཞིག་རེད་ཨང་། ཤུགས་རིང་བར་མེད་ཀྱི་ཁྲོད་དུ་ཁྱོད་ཀྱིས་མིང་ཡིག་མི་རྙེད་པའི་རྒྱབ་གཟུགས་མག་མོག་རེ་མཐོང་མོད། དེ་དག་ཀྱང་མཚམས་སྤྲིན་ལ་འདྲེས་པའི་མུན་ནག་གི་གྲིབ་མ་བཞིན་མིག་མདུན་ནས་རྒྱང་ནས་རྒྱང་དུ་ཡལ་འགྲོ།ཟླ་བ་མཁའ་རུ་གསལ་ཚད་ཁོ་ནས་ཁྱོད་ཀྱིས་གནམ་སའི་ཕ་མཐར་ཉུལ་བའི་རྨི་ལམ་གྱི་མཛེས་སྡུག་ཁ་ཅིག་སླར་ཡང་ཐོག་མར་རྙེད་པའི་བརྩེ་དུངས་ཀྱི་འཆར་ཡན་ཇི་བཞིན།

བརྗེད་པར་དཀའ་བའི་ན་ཟུག་གི་ཟབ་སར་འཇུག་སྲིད་ལ། ཡང་གཏན་དུ་འགྱུར་བ་མེད་པའི་དམ་ཚིག་གི་རང་བཞིན་དུ་སྒོམ་ཡང་སྲིད་མོད། ངས་དུས་ཚིགས་འདི་སྔ་མོ་རྫོགས་ཟིན་པའང་ཚོར་ཡོད། ངས་རང་ཉིད་ལ་བསླུ་བྲིད་བཏང་ཞིང་བསླུ་བྲིད་ཀྱི་ཀློང་ནས་མིག་ཆུས་སྙན་ངག་བྲིས་པའི་ལོ་ཟླ་ལ་སྙིང་པོ་མེད་པའང་ཚོར་ཡོད།

རྩྭ་ཐང་ནི་དབྱངས་རྟ་མེད་པའི་ལྷིང་འཇགས་ཀྱི་འཇིག་རྟེན་ཞིག་ཡིན་ལ། རྩྭ་ཐང་དུ་ལུས་པའི་སྡུག་བསྔལ་ཡོད་ཚད་རླུང་དང་འཇག་མ་ལས་བརྗོད་ས་མེད། སྔོན་ཆད་མི་ཞིག་དྲན་པའི་ན་ཟུག་མཐའ་དག་ཀྱང་རྩྭ་ཐང་གི་རླུང་ལ་བསྐུར་ཟིན་པས། ད་ལྟ་ཨ་ལན་མེད་པའི་རེ་སྒུག་ནི་ཇི་འདྲའི་རྒྱང་ཐག་རིང་ཞིང་། མི་ཚེ་གཅིག་གི་དྲན་པ་ཡང་དེ་འདྲའི་རྫོགས་མཐའ་མེད་ཨང་།

རྩྭ་ཐང་གི་མཚན་མོར་ཟླ་བ་དང་སྐར་ཚོགས་ཀྱིས་ཕྱོགས་ཀུན་ཏུ་རུབ་འོངས་ཤིང་། འདས་པའི་ལོ་ཟླའི་ཁྲོད་ཀྱི་ཕྱིར་དྲན་རི་མོ་ཡང་དྲན་པའི་ངོས་སུ་གསལ་ཚེ། འབྲལ་མེད་སེམས་སུ་གནས་པའི་བརྩེ་དུངས་ཀྱི་སྨྲེང་བའང་འགོག་ཐབས་མེད་པར་མགོ་བོ་ཡར་ལ་དགྱེས་སྟེ་ཡུན་རིང་ལུས། སྐར་མདའ་ཕྲ་མོ་ཞིག་ས་རུ་ལྷུང་བས་ཁྱོད་ཀྱིས་ཁྱོད་དང་གྱེས་པའི་ངང་ཚུལ་དེ་གསལ་ལེར་ཡིད་དུ་འཁོར་ཞིང་། ཐ་སྙད་ཀྱིས་མ་ལོངས་པའི་སྙན་ངག་གི་ཚིག་འབྲུ་རེ་རེའང་ཤུགས་རིང་ཁོ་ནས་འཐུས་པར་བྱས།

རྩྭ་ཐང་ནི་ཁེར་རྐྱང་ལ་སེམས་པ་བཅོལ་པའི་སྙན་ངག་པ་དག་གི་བརྩེ་དུངས་ཀྱི་དུར་ས་ཡང་ཡིན་ལ། རྩྭ་ཐང་ན་ཤུར་ཤུར་དུ་ལྡང་བའི་ཙག་རླུང་གི་རྒྱུ་བ་རེ་རེས་ཁོ་བོའི་འཇིག་རྟེན་གྱི་སྐྱོ་ངལ་བཏེགས་ནས་ཕྱོགས་མཚམས་ངེས་མེད་དུ་འགྲིམས་དགོས་བྱུང་། ད་ལྟ་རྩྭ་ཐང་ན་ལུས་པའི་རྣམ་ཤེས་འདི་སྔོན་ཆད་བརྩེ་དུངས་ལ་བཅངས་པའི་ཡིད་ཆེས་དང་དམ་ཚིག་གི་རྡོ་རིང་ཡིན་ལ། ད་ལྟ་རྩྭ་ཐང་ན་ལུས་པའི་རྨི་ལམ་འདི་སྔོན་ཆད་བརྩེ་དུངས་ལ་བཅོལ་བའི་རེ་སྒུག་དང་དྲན་གདུང་གི་མིག་ཆུའང་ཡིན། ད་ལྟ་རླུང་གིས་སྐྱོམས་ཤིང་ཆར་པས་ཕྱི་ནང་བརླན་པའི་རྩྭ་ཐང་དང་སེམས་པ་འདི། གྱེས་བྲལ་གྱིས་བཞག་པའི་སྨྲེང་བ་ཁོ་ནའང་རེད་དོ།།


  • ལེ་ཚན་སྔོན་མ།:དཔྱིད་ཀ་ཚེས་ན་བསམ་བྱུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།