ཟླ་བ་ལགས།

ཧུན • དུར་རོ།        2024-04-15

ང་ནི་ཁྱེད་ལ་བར་ཐག་ཧ་ཅང་རིང་བའི་མི་དེ་ཡིན་པ་འདྲ། ཁྱེད་ཀྱང་དངོས་གནས་ང་ལ་བར་ཐག་རིང་བའི་སྐར་ཚོགས་ངོས་ཀྱི་ཟླ་བ་ཡིན་པ་འདྲ། ལམ་ལམ་གསལ་བའི་སྐར་ཚོགས་ཁྲི་འབུམ་ངོས་ཀྱི་ངའི་མིག་ལ་ཡང་ཡང་འཁོར་བའི་ཟླ་བ་ཁེར་འགྲོ་དེ་ཡིན་པ་འདྲ། ང་ནི་ཁྱོད་ཀྱི་ན་ཚོད་དང་ལང་ཚོ་ལ་རྒྱུས་མངའ་མེད། དེ་ལས་ཀྱང་གཤིས་ཀ་དང་བྱ་བ་ལ་རྒྱུས་ལོན་མེད།

མི་མང་གི་ཡོ་ལང་རབ་ཏུ་རྒོད་པའི་སྐར་ཚོགས་དང་འདྲ་བའི་ངོས་ནས། ངས་ཁྱེད་རང་ལན་གཅིག་མཐོང་བས། ངས་ཁྱེད་ལ་ཟླ་བ་ཞེས་བཏགས། མི་ཚོགས་ཁྲི་འབུམ་གྱིས་ཡང་དང་བསྐྱར་དུ་བརྙན་ཡོལ་ངོས་ནས་ཁྱེད་ལ་ཡང་ཡང་བལྟས་པས། ངས་ཁྱེད་ལ་ཟླ་བ་ལགས་ཞེས་བོས། ངས་ཇི་ལྟར་རོལ་དབྱངས་ལྷོད་མོ་ཞིག་ལ་ཉན་པར་འདོད་ན་ཡང་། ཕྱག་གི་སིལ་སྙན་ལྷང་ལྷང་ངང་དཀྲོལ་བའི་སྙན་པ། ངག་གི་དབྱངས་རྟ་ལྷོད་ལྷོད་དུ་འཐེན་པའི་དབྱངས་ཀྱི་འཇེབས་པ། གང་ལ་བསམས་ཤིང་བཅལ་ན་ཁྱེད་ལ་དྲན་པའི་སྒོ་མོ་ཆེ་ཆེར་མི་ཕྱེ་ཀ་མེད་བྱུང་། ཟླ་བ་ལགས།

ངས་ཁྱོད་ནི་འདི་ཡིན་དང་། ང་ནི་གན་ཡིན་ཞེས་ཁྱེད་ལ་ལན་གཅིག་ཀྱང་འཆད་འདོད་མེད་ལ། གཞན་ལ་ཡང་དེ་ལྟར་ཡིན། ངའི་སེམས་ནས་ཁྱེད་ལ་འབྲེལ་བ་ཇི་ལྟར་འཇོག་པར་འདོད་ན་ཡང་། དེ་ནི་ངའི་སེམས་ན་གསལ་པོ་ཡིན། ཁྱེད་ལ་འབྲེལ་བ་འཇོག་ཐུབ་མི་སྲིད་ལ། འབྲེལ་བ་བཞག་རུང་མཇུག་འབྲས་ནི་ཤིན་ཏུ་ནས་ཀྱང་སྐྱི་གཡའ་བ་ཞིག་ཡིན། སུ་ལའང་བཤད་མི་ཕོད་ལ་བཤད་ཀྱང་མི་ཁ་ཚ་མོ་ཞིག་དང་། ངན་སྨད་ནར་མོ་ཞིག་ལས་ཅི་ཡང་འཐོབ་རྒྱུ་མེད། ཁྱེད་ཀྱི་སེམས་ན་གསལ་པོ་ཡིན་པར་མ་ཟད། ངའི་སེམས་ན་ནི་དེ་ལས་ཀྱང་ཁ་གསལ་གཏིང་གསལ་ཞིག་ཡིན། ཟླ་བ་ལགས།

དྲང་མོར་བཤད་ན་ངས་ཁྱེད་ལ་ཟླ་བ་ལགས་ཞེས་འབོད་དོན་ནི་གོང་ནས་བསྟན་པ་ལས་ཀྱང་གོ་དོན་གཞན་ཞིག་ཡོད་དེ། ངས་ཁྱེད་ལ་སྐར་མ་ལགས་དང་ཉི་མ་ལགས། སྤྲིན་པ་ལགས་ཞེས་མི་འབོད་དོན་ཡང་དེ་ཡིན། མཚན་མོ་རེ་རེ་ལ་ངས་ནམ་མཁའི་དབྱིངས་སུ་བལྟས་ཐེངས་ནི་གྲངས་ཀྱིས་མི་ཟིན་མོད། དེ་ལས་ཀྱང་ཟླ་བ་ལགས་ལ་བལྟས་པའི་གྲངས་ཀ་ནི་ངའི་སྐྲ་ལོའི་གྲངས་ཀ་ལས་ཀྱང་མང་སྲིད། དེ་བཞིན་ཁྱེད་ཀྱི་འདྲ་པར་དང་བརྙན་ཐུང་ལ་བལྟས་པའི་གྲངས་ཀ་ནི་ངས་ཁྱེད་ལ་བལྟས་པའི་གྲངས་ཀ་དང་མཉམ། ཟླ་བ་ལགས།

ཁེར་རྐྱང་ངང་སྡོད་ཤག་དང་ཁོ་ཧྥེ་ཁང་གང་རུང་ནས་ཁེར་འདང་རེ་བརྒྱབ་ན། ད་ལྟའི་ངའི་མིག་མདུན་གྱི་དངོས་པོ་ཆེ་མ་ཆུང་གསུམ་ཇི་བཞིན། བཞིན་གྱི་པདྨོའི་འདབ་མ་ཆེ་ཆེར་ཕྱེས་ནས། སྣང་བའི་མེ་ལོང་ངོས་སུ་ཡང་ཡང་འཆར་འོང་བ་ནི་ཟླ་བ་ལགས་ཡིན་ལ། ངའི་ངག་ནས་ཀྱང་ཟླ་བ་ལགས་ཞེས་བསམ་མེད་བརྗོད་པའི་ཚིག་ལས་ཡང་ཡང་གྲོལ་མྱོང་། སྐབས་རེ་ངའི་དྲན་པ་ནི་བེམ་པོ་དང་ཁ་གྱེས་ཏེ་ཟླ་བ་ལགས་ཞེས་པའི་གང་ནས་ལྡང་འོང་མི་ཤེས་པའི་རླུང་བུ་ཞིག་གི་རྗེས་སུ་ཡང་ཡང་ཞེན་ཡང་ཡང་འཁྲེང་། ཞིབ་འདང་ཞིག་བརྒྱབ་ན་ཡང་ཡང་ཞེས་པ་ནི་ལན་མང་ཞེས་པའི་དོན་ལ་མི་གོ་བར། གྲངས་སུ་མི་ཟིན་པའི་དྲན་པ་བདག་མེད་འདི་ཉིད་འཆར་ཡན་དང་རང་དབང་ལ་མ་ཡོང་བའི་དུས་ཚིགས་མཐའ་དག་ལ་ཟེར་བ་ཡང་མིན་མི་སྲིད་སྙམ། གང་ཞིག་ནས་འགོ་བརྩམས་ཏེ་ས་ཆ་ཆུང་ཆུང་དང་ཡུལ་ལུང་དོག་དོག་འདི་དག་གི་འཛིན་སྟངས་སམ་གོམས་སྲོལ་ལ་སྨྲ་བསམ་བརྗོད་འདས་ཀྱི་ལན་ཞིག་བྱིན་ན་འདོད། ལན་མ་ཡིན་ཡང་རིན་གོང་མཐོན་པོ་ཞིག་བྱིན་ན་འདོད། གལ་ཏེ་ངས་ཁེར་བཤད་དེ་ཙམ་ཞིག་མ་དགོས་ན། གལ་ཏེ་ངས་བར་ཐག་དེ་ཙམ་ཞིག་མ་དགོས་ན། གལ་ཏེ་ངས་དྲན་པ་དེ་ཙམ་ཞིག་མ་འཁྲེང་ན། ངས་ཡང་སྐྱེ་བ་རྗེས་མ་ཞེས་པའི་ཉི་མ་བརྩི་དགོས་མེད་ལ། ཟླ་བ་ལགས་ཞེས་ཀྱང་དེ་ཙམ་ཞིག་འབོད་དགོས་མེད། ང་དང་བར་ཐག་ཧ་ཅང་རིང་བའི་ཟླ་བ་ལགས། ཡང་ན་ང་དང་བར་ཐག་ཧ་ཅང་ཉེ་བའི་ཟླ་བ་ལགས། ཟླ་བ་ལགས། འཛུམ་ཆུང་ལྷོག་ལྷོག་ཏུ་གདུ་བའི་ཟླ་བ་ལགས།

  • ལེ་ཚན་སྔོན་མ།:ཉི་མའི་འོག་གི་བྱིའུ་ཆུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།