བརྩེ་དུང་དང་ཞེ་འཁོན། ད་དུང་ཕྲག་དོག།

ཕོ་ལྷ།        2024-03-18


ཕོ་མོའི་བརྩེ་དུང་ནི་ཧ་ཅང་གུ་དོག་པའི་གནས་མལ་ཞིག་སྟེ། མི་གཅིག་གི་འཇིག་རྟེན་ལས་ཤོང་ཐབས་མི་འདུག། དེ་བས་མི་ཚོས་ཁྱོད་ནི་བདག་གཅིག་པུའི་ཡིན། བདག་ཀྱང་ཁྱོད་ཁོ་ན་ལ་དབང་ཞེས་ཤོད་བཞིན་དེ་ལྟར་འདོད་ཀྱིན་ཡོད། གལ་སྲིད་གཞོན་ནུ་གཉིས་ཀྱི་འཇིག་རྟེན་ལ་མི་གཞན་ཞིག་འཚང་ཡོང་ན། ཁོ་རང་གཉིས་ཀྱི་བརྩེ་དུང་ལ་སྡུག་བསྔལ་དང་སེམས་ཁྲལ་གཞན་ཞིག་ཐོན་ནས། འགྲན་རྩོད་ཀྱི་ཟློས་གར་ཞིག་འགོ་བརྩམས་པ་ཡིན། དེ་ཡང་མཐར་གཏུགས་ན་ཕན་ཚུན་ལ་དགའ་བས་རེད། ཕན་ཚུན་ལ་དུང་བས་རེད། ང་ཁོ་ནས་བདག་བྱེད་འདོད་པས་རེད། བདག་གཅིག་པུ་ལ་དབང་དགོས་པས་རེད།

གལ་སྲིད་ཕོ་མོའི་བརྩེ་དུང་འདི་ཧ་ཅང་གུ་དོག་ཅིག་མ་ཡིན་ན། ཕོ་མོ་གང་རུང་གི་འཇིག་རྟེན་ལ་མི་གཉིས་ཤོང་སོང་ན། བརྩེ་དུང་ཞེས་པ་འདི་ལྷད་མེད་དང་དྭངས་གཙང་། རྣམ་དག་དང་ཡིད་ཆེས་ཞེས་པའི་མིང་གི་ཆོ་ལོ་ཞིག་ག་ལ་ཐོགས་ཏེ། ཐོགས་མི་སྲིད་པ་ཞིག་རེད། དེ་འདྲའི་འབྲེལ་བ་དེ་ནི་གཡོ་སྒྱུ་ཡི་འབྲེལ་བ་དང་། བསླུ་བྲིད་ཀྱི་འབྲེལ་བ། མདོར་ན་རྣམ་ཤེས་མ་ལྡན་པའི་བརྩེ་དུང་གི་འབྲེལ་བ་ཞིག་ལས་ཅི་ཡང་མ་ཡིན་པས། ལྷད་མེད་ཀྱི་བརྩེ་དུང་དག་མ་དང་ངོ་མ་ལ་དགའ་བའི་མི་ཚོགས་ནི་དེ་ལ་སྐྲག་ཅིང་གཏན་དུ་གཡོལ་ཐབས་ཀྱི་ལས་ལ་འབད་བཞིན་ཡོད།

བརྩེ་དུང་ནི་སེམས་ཁྲལ་ཞིག་སྟེ། སེམས་ཁྲལ་ཁྲོད་དུ་སྐད་ཆ་ཡོད་པ་ནི་རྒྱུན་ལྡན་ཞིག་རེད། གལ་སྲིད་སེམས་ཁྲལ་མེད་ན་སྐད་ཆ་མེད་ལ་བརྩེ་དུང་ཟེར་བ་ཞིག་ཀྱང་ཡོད་མི་སྲིད། བརྩེ་དུང་གི་འབྲས་བུ་ངོ་མ་དེ་སེམས་ཁྲལ་ཡིན་པ་དང་། སྐད་ཆ་དང་ཇུས་གཏོགས་ནི་ཕན་ཚུན་ལ་དགའ་བའི་བརྡ་རྟགས་ངོ་མ་ཞིག་ཡིན་པ་རེད། གལ་སྲིད་ཁོ་རང་ཁྱོད་ལ་མ་དགའ་ན་ཁོས་ནམ་ཡང་ཁྱོད་ཀྱི་བྱ་སྤྱོད་ལ་ཇུས་གཏོགས་བྱེད་མི་སྲིད་ལ། བྱེད་འདོད་ཀྱང་མེད། གལ་སྲིད་མོ་རང་ཁྱོད་ལ་མ་དུང་ན་ཁྱོད་ཀྱི་འཚོ་བ་ལ་ཐད་གཏོགས་བྱེད་མི་སྲིད་ལ། བྱེད་པའི་ཁོམ་པ་ཞིག་ཀྱང་ག་ལ་ཡོད་དེ་ང་ཚོས་སོ་སོའི་འཁོར་བ་རེ་སྐྱོང་བཞིན་ཡོད་པས་སོ།།

མི་ཚོའི་མོས་པ་ནི་སྣ་མང་ཞིག་ཡིན་པས། ལ་ལས་ཁྱོད་ཀྱི་ང་ལ་ཇུས་གཏོགས་དང་ཐད་གཏོགས་བྱེད་ཀྱི་མི་འདུག་ཅེས་སྨྲེ་སྔགས་འདོན་བཞིན་ཡོད། ཡང་འགའ་རེས་ངའི་འཚོ་བ་དང་བྱ་སྤྱོད་ལ་ཁྱོད་ཀྱིས་ཇུས་གཏོགས་བྱེད་རྒྱུ་མང་དྲགས་སོང་ཞེས་པའི་རྣམ་འགྱུར་སྟོན་གྱི་ཡོད། ངས་བསམ་པར་ཕན་ཚུན་ཇུས་གཏོགས་མེད་པའི་བརྩེ་དུང་ནི་ཡལ་ག་དང་ལོ་མ་ཅི་ཡང་མེད་པའི་སྡོང་སྐམ་ཞིག་ཡིན་པར་འདོད་ཀྱིན་ཡོད་ལ། ཕན་ཚུན་ཇུས་གཏོགས་དང་སེམས་ཁྲལ་ཡོད་པ་ནི། ཡལ་ག་དང་ལོ་མ་ལྡན་པའི་སྡོང་ལོ་ཞིག་ཡིན་པ་སེམས་ཀྱི་ཡོད། དེ་བས་བརྩེ་དུང་རྣམ་དག་ཅན་དག་ཕན་ཚུན་ལ་ཇུས་གཏོགས་དང་སེམས་ཁྲལ་བྱེད་བཞིན་ཡོད།

སྐབས་རེར་ཕན་ཚུན་ལ་འགལ་འདུ་དང་རྩོད་གླེང་། རྙོག་གྲ་དང་ཕོག་ཐུག་སོགས་ཀྱང་སྐད་ཆ་དང་སེམས་ཁྲལ་ཇུས་གཏོགས་སོགས་ཀྱིས་ཁྲིད་ཡོང་བས། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་མཆོག་གིས་ཀྱང་།

ཧ་ཅང་བྱམས་པ་ཆེ་དྲགས་ན། །

དེ་ཉིད་འཁོན་པའི་རྒྱུ་རུ་འགྱུར། །

འཇིག་རྟེན་རྩོད་པ་ཕལ་ཆེ་ནི། །

འབྲེལ་བ་ཉིད་ལས་བྱུང་བ་མང་། །

ཞེས་གསུངས་པའི་རྒྱུ་མཚན་ཡང་དེ་ལྟར་མ་ཡིན་ནམ།

འཁོན་རེས་དང་འཛིང་རེས་ཡོད་པ་ནི་བརྩེ་དུང་གི་ཆོས་ཉིད་ཅིག་ཏུ་འདོད་མཁན་ག་ཙམ་ཡོད། འཁོན་རེས་དང་འཛིང་རེས་ཙམ་གྱིས་ང་ཚོའི་བརྩེ་དུང་ལ་བཞི་ཤད་འཐེན་ནས་སོ་སོའི་སེམས་སུ་སྐྱེ་བ་གཅིག་ལ་དྲག་མི་སྲིད་པའི་རྨ་ཁ་རེ་འཇོག་རྒྱུར་དགོས་པ་མི་འདུག། འཁོན་བཞིན་འཁོན་བཞིན། བརྩེ་དུང་གི་སྐྱེད་ཚལ་ནང་ནས་ཆས་དགོས་པ་མ་ཡིན་ནམ། རྩོད་ཀྱིན་རྩོད་ཀྱིན། སེམས་ཁྲལ་གྱི་འཁོར་བར་གནས་དགོས་པ་མ་ཡིན་ནམ། འཛིང་བཞིན་འཛིང་བཞིན། བརྩེ་དུང་གི་ཟློས་གར་རིང་མོ་ཞིག་འཁྲབ་དགོས་པ་མ་ཡིན་ནམ། དེ་བས་སྙན་ངག་པ་སེང་རྡོར་གྱིས་ཀྱང་།

འཁོན་བཞིན་འཁོན་བཞིན་མཐུན་པའི་གཏིང་ལ་འཛུལ།།

རྩོད་བཞིན་རྩོད་བཞིན་བྱམས་པའི་རྩེ་ལ་འཕུར།།

ངུ་བཞིན་ངུ་བཞིན་དགོད་པའི་དཀྱིལ་ལ་འདུས།།

སེམས་ལ་རྨ་ཁ་འཇོག་པའི་གླུ་ཞིག་ལེན།།

སེམས་སྡུག་སེམས་ཀྱིས་སེལ་བའི་བྲོ་ཞིག་འཁྲབ།།ཅེས་པའི་གནས་ལུགས་ཙམ་ཡང་མི་ཤེས་མཁན་ཞིག་ཡོད་དམ།

ང་ཚོ་ལས་དབང་གི་རྩེད་ཆས་ཤིག་ཏུ་འགྱུར་མི་འདོད་ན། འཁོན་བཞིན་འཁོན་བཞིན་ཆས་པར་བྱ། འུ་ཚོ་རྐྱེན་དབང་གི་གཡོག་པོ་ཞིག་བྱ་མི་འདོད་ན་འཛིང་བཞིན་འཛིང་བཞིན་གནས་པར་བྱ། འཁོན་རེས་དང་འཛིང་རེས་ཙམ་གྱིས་ང་ཚོའི་བརྩེ་དུང་ལ་བཞི་ཤད་འཐེན་ནས་སོ་སོའི་སེམས་སུ་སྐྱེ་བ་གཅིག་ལ་དྲག་མི་སྲིད་པའི་རྨ་ཁ་རེ་འཇོག་རྒྱུར་དགོས་པ་མི་འདུག། 

  • ལེ་ཚན་སྔོན་མ།:སྐུལ་ལྕག།
  • ལེ་ཚན་རྗེས་མ།:དགུན་ནམ་རིང་མོ།