སྙིང་ཉེ་བའི་མ་འོངས་པའི་ཆུང་མར་སྤྲིངས་པ།

༼ སྒོ་སྤྲེའུ་ངེས་དོན། ༽        2024-03-08

ཀ་ཡེ། བུ་མོ། ཁྱོད་བདེ་མོ། ངས་འདི་འདྲའི་སྤྱིར་བཏང་གི་མིང་ཞིག་གིས་ཁྱོད་ལ་འབོད་པར་བཟོད་སྒོམ་གནང་རོགས་ཞུ། རྒྱུ་མཚན་འུ་གཉིས་ད་དུང་ངོ་འཕྲད་མེད་པས། ངས་ཀྱང་དེ་ལས་སྙིང་ཉེ་བའི་མིང་ཞིག་ཡིད་ལ་མ་དྲན། ཡིན་ནའང་ལས་ཀྱིས་འཕྲད་པའི་ཁྱོད་རང་ཁོ་བོའི་ཡ་ཐོད་དཔྲལ་བའི་མིག་གི་ཆ་ཡ་ཡིན་ངེས།

དར་རྩེ་མདོའི་དཔྱིད་ཀ་ནི་ཧ་ཅང་སྐྱིད་པོ་ཡོད་པ་དང་སློབ་རའི་ཁོར་ཡུག་ཀུན་ཏུ་ཚེ་སྲོག་གསར་པ་རྐྱང་རྐྱང་གི་དབུ་ཚུགས་བཞིན་ཕུགས་བསམ་གྱི་གོམ་ཁ་མྱུར་བའི་སློབ་གྲོགས་ཚོས་ཀྱང་སློབ་དུས་གསར་པ་ཞིག་ལ་རེ་བས་ཕྱུག་པའི་སྟ་གོན་གྱ་ནོམ་པ་རེ་བྱེད་ཀྱིན་ཡོད་ལ། ང་ནི་བསམ་གཞིག་གི་བདེན་པ་གློད་ཅིང་ལྷིང་འཇགས་དང་ལྷིང་འཇགས་མ་ཡིན་པའི་དཔེ་ལྟ་ཁང་ནས་རྒྱུན་པར་ཆུ་རྐྱང་འཐུང་བཞིན་ཤོག་ལྷེ་གཟད་པར་གོམས་ལོབ་ཏུ་གྱུར་ཅིང་ཧ་ཅང་སྐྱིད་པོའང་འདུག། ནམ་རྒྱུན་འདི་ལྟ་བུའི་སྐབས་སུ་བྱ་དངོས་ཡོད་ཚད་ལ་རེ་སྒུག་བྱེད་ཆོག་པར་འདོད་པས་ཁྱོད་ལ་འཕྲིན་ཡིག་ཅིག་འབྲི་འདོད་སྐྱེས་བྱུང་ལ། འུ་གཉིས་ངོ་འཕྲད་པའི་སྐབས་སུ་ཁྱོད་ལ་ཀློག་འདོན་བྱ་རྒྱུའང་ཡིན་ལགས།

ཁྱོད་ཀྱིས་ཤེས་སམ། བརྩེ་དུང་གི་ཕུགས་བསམ་རིང་ལུགས་ཀྱི་རྐྱེན་གྱིས་ང་ཁེར་རྐྱང་དུ་བསྡད་ནས་ཡུན་རིང་འགོར་སོང་། ལོ་ཚོད་འདི་ལ་ཐོན་པའི་རྐྱེན་གྱིས། རྒོད་དྲགས་པའི་བསམ་པའི་རྣམ་རྟོག་ནི་འགོག་ཐབས་མེད་པ་ཞིག་རེད། དེ་བས་ངས་སྐབས་ལ་ལར་ངའི་མ་འོངས་པའི་ཆུང་མ་རྣམ་པ་ཅི་འདྲ་ཞིག་གི་སྒོ་ནས་ངའི་འཚོ་བའི་ཁྲོད་དུ་མངོན་པར་བསམ་བློ་གཏོང་བཞིན་ཡོད།

གཅིག་བྱས་ན་ཕུགས་བསམ་གྱི་འདུན་མ་གཅིག་པར་ཏག་ཏག་སློབ་རའི་ཁོར་ཡུག་འདི་དང་། རྩོམ་པའི་གར་སྟེགས་རན་པ་ཞིག་གམ། ཡང་ན། རྫི་བོར་འགྲོ་སའི་ལྷས་འདབ་དེའང་ཡིན་སྲིད། གང་ལྟར། ངས་འཆར་ཡན་གྱི་སྟེས་དབང་ལ་སྟོང་བསམ་གྱི་ཁ་དོག་ཇི་ལྟར་བྱུགས་མོད། ང་ལ་ཆ་རྐྱེན་དང་བཀག་རྒྱ་དེ་འདྲའི་མང་པོ་མེད་པས། མདོར་ན་འུ་གཉིས་འཕྲད་པའི་སྐབས་སུ་ཁྱོད་རང་སྤྱིར་བཏང་མ་ཡིན་པའི་སྤྱིར་བཏང་མ་ཞིག་ཡིན་པ་དེ་ཡིས་ཆོག།

སློབ་རའི་བརྩེ་དུང་ནི་ཡོད་ཆོག་ལ་ཡོད་མི་ཆོག་པ་ཞིག་ཀྱང་ཡིན་སྲིད་མོད། ཁོ་བོའི་བརྩེ་དུང་རིང་ལུགས་ནི་སློབ་སྦྱོང་གི་འདེགས་རྟེན་ལྟ་བུ་ཡིན་པས་ཡོད་ཆོག་ཆོག་དང་དགོས་ངེས་ཤིག་ཏུ་བསམ་ཀྱིན་ཡོད་ལ། ཁྱོད་ཀྱང་དེ་བཞིན་དུ་མིན་ན་ང་དང་འཕྲད་མི་སྲིད་པས། དེའི་ཕྱིར་ངས་སློབ་ར་འདི་རུ་ཁྱོད་རང་འཚོལ་སྙེགས་བྱེད་པར་དགའ་བོ་ཡོད།

ངས་བརྩེ་དུང་མང་པོ་ཞིག་གི་ནག་ཉེས་དང་མནར་གཅོད་ཀྱང་མྱངས་སོང་། ཡིན་ནའང་དེ་དག་གིས་ངས་རང་ཉིད་བརྩེ་དུང་ལ་བརྩི་བཀུར་བྱ་བའི་གང་ཟག་ཅིག་ཡིན་པ་དཀར་འདོན་བྱེད་ཐུབ་པར་འདུག་པས། ཁྱོད་རང་ཡིད་ཆེས་དང་སྙིང་སྟོབས་ཀྱིས་ང་དང་འཕྲད་ཅིང་ཁྱོད་དང་འཕྲད་པའི་རྗེས་ནས་ཁྱོད་ནི་ངའི་ཕུགས་བསམ་གྱི་བརྩེ་དུང་གི་རྣམ་པ་ཡིན་པས་ད་གཟོད་ང་ཁྱོད་ལ་དགའ་བ་མིན་པར།ཁྱོད་ཀྱི་རྣམ་པས་ད་གཟོད་ང་ལ་ཕུགས་བསམ་གྱི་བརྩེ་དུང་ཐོབ་ཏུ་བཅུག་པ་ཡིན་པར་སྨོན་གྱིན་ཡོད་ལགས།

སྙིང་ཉེ་བའི་མ་འོངས་པའི་ཆུང་མ་ལགས། དེ་རིང་ངས་འདི་ནས་འུ་གཉིས་ཀྱི་མ་འོངས་པའི་འཚོ་བར་འཆར་གཞི་དང་བཀོད་སྒྲིག་གང་ཡང་མི་བྱེད། རྒྱུ་མཚན་ངས་དབྱངས་གསལ་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་གིས་ཁྱོད་དང་མཉམ་དུ་རྗེས་ཕྱོགས་ཀྱི་འཚོ་བར་འབད་པ་བྱེད་པར་ཁྱོད་རང་སྒུག་པར་འདོད་པ་དང་།མདོར་ན་ནར་སོན་པའི་རྗེས་ནས་འུ་གཉིས་ལྷན་འཛོམས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

མཐར་ཁྱེད་ཀྱི་བྱ་གཞག་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པར་སྨོན།

  • ལེ་ཚན་སྔོན་མ།:ངའི་ཨ་མ་ནི་མེ་ཏོག་ཅིག་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།