ཟླ་བས་གཟིམ་གུར་ཕུབ་པའི་མཚན་མོ།

༼ འཇག་སྐྱ་བོ། ༽        2024-03-04

སྤྲིན་པ་དུམ་བུ་དགོང་གའི་ཉི་ཟེར་འགྲོགས། །

རི་བོའི་མགུལ་དང་ཆུ་ཆེན་ལམ་ཆེན་དུ། །

ཟམ་ཟིམ་ཆར་པ་བབས་པའི་ས་སྲོད་དེར། །

ཁྱོད་ཉིད་དྲན་པའི་གདུང་ཡུས་སུ་ལ་ཤོད། །

རླུང་བུ་བསིལ་བསིལ་ལྗོན་ཤིང་ལྕུག་ལྕུག་འདར། །

སྤྲིན་པ་ལང་ལོང་ཟླ་བ་མོག་མོག་གསལ། །

སེམས་པ་སྐྱོ་སྐྱོ་མིག་ཆུ་ཤམ་ཤམ་དུ། །

དོ་ནུབ་སྒྱུ་མའི་གྲོང་ནས་སྙན་ངག་བརྡོལ། །

མུན་པའི་རྒྱུ་སྐར་ཟ་བའི་ཨ་བུ་ངས། །

དབུ་ལྗོན་དུད་དེ་སྨྲེང་བ་བྲག་ལ་ལེན། །

རང་བྱུང་རི་སྐྱེས་མཛེས་པའི་ཤིང་ལོ་དག །

ཤིག་ཤིག་མཆི་མའི་མེ་ཏོག་ས་རུ་འཐོར། །

དྭངས་གཙང་ཆུ་ཕྲན་བུ་མོས་གླུ་རྟ་ཆད། །

ཟླ་བ་བྲེལ་བས་སྤྲིན་པའི་ཡོལ་བ་འཐེན། །

དགུ་ཚིགས་མཐའ་རུ་རྒྱུ་སྐར་ཐག་པ་ཆད། །

ལུང་སྟོང་འཇག་མས་ཤུགས་གླུ་རི་ལ་ཡན། །

དར་རྒུད་ཆག་གྲུམ་ཤོར་བའི་སྤྱིལ་ཆུང་དུ། །

གཅིག་པུ་རོལ་དབྱངས་སྙན་མོ་རྣ་བ་གླན། །

སྤྲིན་དཀར་ན་བཟའ་ཀླུབ་པའི་ཟླ་བ་ཡིས། །

བརྩེ་བའི་འཛུམ་ཆུང་ཕྲ་མོ་སླར་ཡང་སྟོན། །

མེ་ཏོག་ཚལ་ལ་གཡུ་སྦྲང་བདེ་བར་གཟིམས། །

ཟླ་བའི་གཟི་འོད་མཚོ་ཆུང་ཁ་རུ་འཁྲུངས། །

བཀྲ་ཤིས་གཙང་ཆབ་ལྷུང་ལྷུང་འབབ་རྒྱུན་ཡག །

ཨོ་ལོའི་ཀུན་རྟོག་མེ་ལྕེའི་གུར་ཁང་ཕུབ། །

མཛེས་སྡུག་རྒྱུ་སྐར་བཞད་པའི་སྐྱེད་ཚལ་ན། །

ཡིད་འོང་རྒྱང་རིང་ཟླ་བ་ལྷ་མོ་ལགས། །

སྤྲིན་དཀར་ཞྭ་མོ་གྱོན་པའི་རི་བོའི་རྩེར། །

བརྩེ་བའི་འཛུམ་ཆུང་པད་མོ་ཡིད་དུ་འོང་། །

ཐོ་རངས་ཤར་ཁའི་སྐར་ཆེན་མ་འཚེར་གོང་། །

གོས་ཕྲུག་གསེར་དངུལ་ལང་ཚོ་མ་བརྒྱན་གོང་། །

བག་རྟ་སྤྲིན་དཀར་སྒ་སྲབ་མ་བྱས་གོང་། །

སྒྱུ་མའི་རྨི་ལམ་གྲོང་ནས་ཨེ་འཁོར་ལགས། །

སྨུག་པ་རི་བོར་འཁོར་ཏེ་དལ་བུར་རྒྱུ། །

གཡུ་སྦྲང་མེ་ཏོག་ཚལ་ལ་སྤྲིན་ལྟར་འདུ། །

སྒྱུ་མའི་རི་གྲོང་འགྲུལ་བའི་མགྲོན་པོ་ལགས། །

ཁྱེད་ཀྱང་ཨོ་ལོའི་ཕྱོགས་སུ་ཨེ་འཁོར་ལགས། །

བཅོས་མའི་འཛུམ་ཆུང་ཟླ་བ་སླར་ཡང་བཞད། །

ངོ་ཚས་སྤྲིན་གྱི་ཡོལ་བ་ཅུང་ཙམ་འཐེན། །

ལྷོད་ཆགས་མིན་པའི་སྒྱུ་མའི་རླུང་ནང་དུ། །

ངས་ཀྱང་བརྩེ་བའི་ཆར་བ་ཟམ་ཟིམ་འཐོར། །

  • ལེ་ཚན་སྔོན་མ།:དབྱངས་ཅན་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།