རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས།

        2024-03-05

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས།

ཟླ3ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད་པ།


རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས།

འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་གནང་བཞིན་པ།


ཝང་ཧུའུ་ཉིང་གིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ། ཧྲི་ཐའེ་ཧྥུང་གིས་གཙོ་སྐྱོང་གནང་བ། ཀའོ་ཡུན་ལུང་གིས་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་གནང་བ།


ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ3ཚེས4ཉིན་གློག་འཕྲིན་འབྱོར་གསལ། ནུས་སེམས་གཅིག་སྒྲིལ་གྱིས་བསྐྱར་དར་གྱི་འགན་ལྕི་འཁུར། འབད་འབུངས་ཆེན་པོས་རྒྱང་ལམ་གསར་པར་བྱས་རྗེས་འཇོག ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན2000ལྷག་ཙམ་གྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། སྲིད་དོན་ཇུས་འབུལ་ཧུར་ཐག་བྱེད་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་ལེའུ་མཉམ་དུ་བརྩམ་རྒྱུ་རེད།


རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་དགོས་པའི་ཨུ་ཡོན2162ཡོད་པ་དང་དངོས་སུ་ཞུགས་མཁན་ཨུ་ཡོན2093ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།


རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུང་དང་། ཧུའུ་ཁྲུན་ཧྭ། ཧྲེན་གཡོད་གཡོད། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལེང་ཀྲེན་དབྱིན། པཱ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཤན་ཧུའེ། ཝང་ཏུང་ཧྥུང་། ཅང་ཤིན་ཀྲེ ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། དབྱང་ཀྲེན་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།


ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྡིངས་ཆར་བཞུགས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།


ཕྱི་དྲོའི་ཆུ་ཚོད་གསུམ་པར། ཧྲི་ཐའེ་ཧྥུང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་སྐབས་ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།


ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།


ཝང་ཧུའུ་ཉིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་གནང་བ་རེད།


ཝང་ཧུའུ་ཉིང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་སྡོམ་གནང་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་སྲིད་གྲོས་ལས་དོན་ལ་ཇུས་འགོད་བྱས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འགན་འཁྲི་སྒྲུབ་པའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་དང་། ཆབ་སྲིད་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ནུས་པ་དང་འགན་སྒྲུབ་འཇོན་ཐང་ཆེ་རུ་གཏོང་བ།


ལས་ཀའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འགན་འཁྲི་སྒྲུབ་པའི་ལམ་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཀྲུང་གུང་ཀྲུང་དབྱང་གི་བརྟག་ཞིབ་རབ་ཏུ་དར་བའི་བླང་བྱ་ལག་བསྟར་བྱས་ནས་བརྟག་ཞིབ་སྲིད་གླེང་གི་སྤུས་ཚད་མཐོ་རུ་གཏོང་བ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་དང་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་ཞབས་འདེགས་ཞུ་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས་དམངས་འཚོ་འགན་ལེན་དང་ལེགས་གཏོང་ལ་སྐུལ་འདེད་གཏོང་བ། གཞུང་འཁྱོངས་གསར་འབྱེད་ཀྱིས་མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་སྐབས་རིམ་བྱུང་གི་རྒྱལ་ཡོངས་སྲིད་གྲོས་ཀྱིས་བཏིང་བའི་རྨང་གཞི་བཟང་པོའི་ཐོག་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོབ་སྟེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས་པ་རེད།


ཝང་ཧུའུ་ཉིང་གིས་2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཀྱང་རེད། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གཙང་སྒྲུབ་ལ་དམ་པོར་དམིགས་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་སྐུལ་འདེད་གཏོང་བ། སྲིད་དོན་ཇུས་འབུལ་ཧུར་ཐག་བྱེད་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་གསུངས་པ་རེད།


ཝང་ཧུའུ་ཉིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ཤུགས་སྣོན་རྒྱག་པ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་ལས་འགན་ལ་དམིགས་ནས་ཐབས་འདོན་ཇུས་འདོན། མཐུན་ཆ་ཆེ་ཤོས་ཡོང་བར་གཞོལ་བ། བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།


རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡུན་ལུང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྙན་སེང་ཞུས་པ་རེད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་ཁྱོན་བསྡོམས་གྲོས་གཞི་5621བཏོན་པ་དང་ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་4791ཐོ་འགོད་བྱས་ཡོད། 2024ལོའི་ཟླ་2པའི་ཟླ་མཇུག་བར་གྲོས་གཞི་99.9%ལ་བསྒྲུབས་ལན་བསློགས་ཡོད། སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་གྲོས་གཞི་ནན་ཏན་ངང་བསྒྲུབས་ནས་བསམ་འཆར་དང་གྲོས་འགོ་མང་པོ་ཞིག་དང་ལེན་བྱས་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་། འཕེལ་རྒྱས་འཆར་འགོད། སྡེ་ཚན་གྱི་ལས་དོན་བཅས་ཀྱི་ཁྲོད་མངོན་པར་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པ་རེད།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།


  • ལེ་ཚན་སྔོན་མ།:ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འགན་སྒྲུབ་གསལ་ཞུ་བྱས།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།