ངག་རིག་ལྷ་མོ་བསྟོད་པ་སྒྲ་རྒྱན་སྤེལ་མའི་ན་ཆུང་མའི་འགྲམ་ཆང་།

༼ ཨ་ནུ་དད་ཞེན། ༽        2024-03-04

ལྷང༵་ལྷང༵་ཀ་ལ་པིང་ཀའི་མགྲིན་སྙན་གྱིས། །

ལེགས་ཚོགས་ཆོས་ཀྱི་མཐའ་དག་གསལ་མཛད་དེ། །

དབང་ཕྱོགས་བློ་ཡི་རྟ་བདུན་འཛུམ་པ་འདི། །

སྒྲ་དབྱངས་ཚངས་སྲས་ལྷ་མོས་འདི་སྐྱོངས་ཤིག །

སྡུ་གུའི་དཀྱིལ་འཁོར་མཚན་དཔེའི་མི་ཟད་པའི། །

མཛེས༵་མཛེས༵་ལང་ཚོ་གསར་པ་གཅིག་བསྡུས་པ། །

ལྟ་བའི་མི་ངོམས་རི་དྭགས་མིག་ཅན་མ། །

རིག་བྱེད་སྒྲ་དབྱངས་ལྷ་མོ་ཕྱག་གི་ཡུལ། །

ཟབ་བརླིང་ཤེས་བྱའི་ལེགས་གསུང་དྲི་ཟའི་གླུ། །

མགྲིན་སྙན་ཀ་ལ་པིང་ཀའི་རྗེས་འགྲོ་བའི། །

འཇམ༵་འཇ༵མ་སྒེག་ལྡན་ཕྱག་གི་སོར་མོ་ལས། །

སིལ་སྙན་དབྱངས་ཀྱི་ངོ་མཚར་ཅི་ཡང་བཀྲ། །

གཙུག་ལག་ཤེས་བྱའི་རྣམ་བཞད་བཞིན་རས་ལ། །

ངག་གི་འདོད་འཇོ་བཀྲ་བའི་མིག་དཀྱུས་ཅན། །

རིག་བྱེད་ཡིད་ཀྱི་བརྟན་པ་འཕྲོག་བྱེད་པས། །

གསལ༵་གསལ༵་མཁྱེན་བརྩེ་བཀྲ་བའི་མཚོ་བྱུང་མ། །

གསལ༵་གསལ༵་ཤེས་བྱའི་མཐའ་དག་མཁྱེན་བརྩེ་ཡིས། །

སྙན༵་སྙ༵ན་རིག་བྱེད་ངག་གི་འདོད་འཇོ་ཕྱིར། །

བློ་ཡི་འདབ་མ་རྒྱས་མཛད་མུན་མཐར་བགྲོད། །

ངག་གི་བྱིན་རླབས་འཕོ་བའི་དབྱངས་ལྡན་མ། །

དཀར༵་དཀར༵་བཞིན་གྱི་པད་མའི་འདབ་མ་ལས། །

རྣམ་མཁྱེན་དཀྱུས་རིང་མིག་གི་ཟུར་མདའ་གཡོ། །

ཐུབ་པའི་གསུང་གི་མན་ངག་རོལ་བ་ན། །

སྙན༵་སྙན༵་དྲི་ཟའི་གདངས་དབྱངས་སྲིད་ན་མཐོ། །

ངག་རིག་རྒྱ་མཚོའི་ཕྲེང་བ་རབ་བཟུང་བའི། །

སྙན༵་སྙན༵་དབྱངས་ཀྱི་རླབས་ཕྲེང་སྲིད་རྩེ་ན། །

གསལ༵་གསལ་༵ཤེས་བྱའི་པད་ཚུལ་རྣམ་པར་བཞད། །

ངག་གི་བྱིན་རླབས་སྩོལ་ཅིག་ཚངས་སྲས་མ། །

རྣམ་བཞད་བློ་ཡི་པད་མའི་ཡོན་ཏན་གྱིས། །

གསལ༵་གསལ༵་མང་ཐོས་ངག་གི་འདོད་པ་འཇོ། །

ཚངས་སྲས་ངག་གི་མགྲིན་པ་རབ་སྙན་པ། །

ཡངས༵་ཡངས༵་སྲིད་ཀྱི་ཁམས་ན་རྣམ་པར་གཡོ། །

ཐོར་ཚུགས་མེ་ཏོག་རྒྱན་པའི་མཐོངས་ཡངས་སུ། །

རབ་དཀར་ཟླ་བའི་ཅོད་ཅན་རྣམ་པར་མཛེས། །

མཁྱེན༵་མཁྱེན༵་འཛིན་མའི་སྐ་རགས་གཞལ་དཀའ་བའི། །

གསལ༵་གསལ༵་རྣམ་བཞད་བློ་ཡི་ཆུ་གཏེར་རྒྱས། །

ཡངས༵་ཡངས༵་བློ་ཡི་ཤེས་བྱའི་རྣམ་བཞད་པའི། །

མཁྱེན༵་མཁྱེན༵་རྣམ་དཔྱོད་རྒྱས་པའི་ཆུ་གཏེར་གྱིས། །

གསལ༵་གསལ༵་རི་བོང་འཛིན་གྱི་གཟུགས་བརྙན་བཞིན། །

སྲིད་འདིར་ཟླ་མེད་དཔལ་ཡོན་རྣམ་པར་རྒྱས། །

མཛེས༵་མཛེས༵་རྣམ་པར་བཞད་པའི་བཞིན་རས་སུ། །

དམར༵་དམར༵་བྱི་རུའི་མདངས་ལྡན་ལྷུན་ཆགས་པ། །

སྡུ་གུ་དཔལ་ཡོན་རབ་རྒྱས་དྲི་ཟའི་གླུ། །

ལྷང༵་ལྷང༵་ཐོས་འཛིན་བུ་གར་སྙན་ཞིང་འཇེབས། །

རྒྱས༵་རྒྱས༵་དབྱར་གྱི་རི་བོང་འཛིན་པ་བཞིན། །

མཁྱེན་བརྩེ་སྲིད་ཀྱི་ཁམས་ན་ཟླ་མེད་ངང་། །

འཁྲུལ༵་འཁྲུལ༵་གཟུགས་བརྙན་འཛིན་པའི་རྨོངས་ཚོགས་འགའ། །

མུན༵་མུན༵་རྫོབ་གྱི་མཐར་སྤྲད་མཚོ་བྱུང་ཀྱེ། །

དཀར་འཇམ་བཞིན་གྱི་ཟླ་གསར་ཚེས་པ་ལ། །

མཛེས༵་མཛེས༵་ཚེམས་ཀྱི་འཛུམ་དཀར་གཡོ་མེད་ངང་། །

ཡང༵་ཡང༵་འཛུམ་པ་པད་མའི་ཟིལ་གནོད་གྱིས། །

བརྟན༵་བརྟན༵་སྲིད་ཀྱི་ཁམས་ནས་མཛེས་པ་ཅན། །

མཐོ༵་མཐོ༵་ཁྲི་ཡི་སྟེང་གར་མ་བཞུགས་ཀྱང་། །

གྲག༵་གྲག༵་དབྱར་གྱི་རྔ་སྒྲ་སྒྲོག་པ་བཞིན། །

འཕྲོག༵་འཕྲོག༵་ཡིད་ཀྱི་དྭངས་བ་འདྲེན་མཁན་མ། །

དཀར༵་དཀར༵་ཟླ་མཛེས་ན་ཆུང་ཚངས་སྲས་མ། །

  • ལེ་ཚན་སྔོན་མ།:ལོ་གཡང་བཀྲ་ཤིས་སྨོན་འདུན།
  • ལེ་ཚན་རྗེས་མ།:དབྱངས་ཅན་མ།