ཤིང་འབྲུག་ལོ་སར་སྨོན་ཚིག།

ཁམས་ཟླ་སྲས།        2024-02-26

ནམ་ལངས་ཉི་ཤར་ཐོག་མས་སྒྲོ་གུར་ཕུབ་དུས།།

ནོར་ལུག་ལྷས་ལ་བསྐོར་ཏེ་མཆོད་ཁ་འཕེན་དུས།།

ཤ་མར་ཐུད་གསུམ་ཟས་ཀྱི་སྡེར་ཁར་ཤོམ་དུས།།

དེ་རིང་བོད་པའི་གནམ་ལོ་གསར་པ་ཚེས་བྱུང་།།

དམངས་གླུ་ངག་ནས་གྱེར་བཞིན་སྣང་བ་དྭངས་དུས།།

ཞབས་བྲོ་ལུས་ཀྱིས་གར་སྟེགས་གསར་པ་སྐྲུན་དུས།།

ཕུ་ནུ་ལྷན་འཛོམས་སྤྲོ་བའི་སྣང་བརྙན་མཐོང་དུས།།

དེ་རིང་གངས་ཅན་བོད་མིར་བདེ་སྐྱིད་ལེགས་བྱུང་།།

འགྱིག་ཟས་འདྲ་མིན་སྡེར་ལ་བཤམ་དོན་མི་འདུག།

གུ་ཡངས་བག་ལྷོད་ངང་ནས་སྤྲོ་སྤྲོ་གནང་དང་།།

གཞན་གྱི་ཆ་ལུགས་གསར་པར་ལད་མོ་མ་བྱེད།།

གནའ་དེང་བོད་ཀྱི་ལུགས་སྲོལ་ཟུངས་དང་ཆོག་གི།།

ཆུང་གྲོགས་སྙིང་གི་མི་ལ་སྨོན་ཚིག་འབྲི་དུས།།

སེམས་དང་བསམ་པའི་འདུ་ཤེས་འཁོར་ལུགས་མི་འདྲ།།

བཀྲ་ཤིས་རྟགས་བརྒྱད་ཅིག་གི་ལེགས་སྐྱེས་གནང་དུས།།

ཤིང་འབྲུག་གནམ་ལོ་གསར་པར་ཁ་གཡང་ངས་འབོད།།

དགུན་གསུམ་ཙག་གི་བུ་ཡུག་ངར་ཁ་རྒོད་དུས།།

ཞེ་འདང་སེམས་ཀྱི་དཀར་ཡོལ་ཤར་མར་ཕྱེ་དུས།།

ལས་ཀྱི་རྟེན་འབྲེལ་ཟབ་པའི་ཨ་ཇོ་ཁྱོད་རང་།།

དེ་རིང་ལོ་སར་རྟེན་འབྲེལ་སྒྲིག་སར་ཕེབས་རོགས།།

མལ་གདན་རྩག་པ་སྟེང་ནས་ལག་རྒྱང་བྱེད་དུས།།

རྫ་ཆུ་དྭངས་མས་ཁ་ལག་གཙང་མ་བཀྲུས་ཏེ།།

ཕུ་ནུ་རི་སྡེ་ཕན་ཚུན་མགྲོན་ལ་བསུ་དུས།།

ཤིང་འབྲུག་ལོ་སར་ནང་ལ་རླུང་རྟ་དར་ཤོག།

ཕུ་ནུ་རུ་སྡེ་མཐའ་དག་ནད་མེད་ཚེ་རིང་།།

ཅི་བསམ་འདོད་དོན་ཡོངས་རྫོགས་གེགས་མེད་བདེ་ལེགས།།

ངག་རིག་རྩོམ་པའི་ཕྱོགས་སུ་དགའ་མོས་ཡོད་ཚད།།

ལོ་འདིར་མཚོ་བྱུང་དགྱེས་པའི་རྟེན་འབྲེལ་སྒྲིག་འདོད།།


  • ལེ་ཚན་སྔོན་མ།:སྨོན་ཚིག་ཁ་བའི་མགྲིན་དབྱངས།
  • ལེ་ཚན་རྗེས་མ།:ལོ་སར་བསུ་བའི་ཚིག་ གི་ཤམ་བུ།