དུང་སེམས་འོ་མའི་རང་མདངས།

སྙན་རྐང་གླིང་།        2024-02-05

ཕར་ལྟས་སྙིང་པོ་དབེན་པའི་བརྩེ་སེམས་ཀྱི་འཚོ་བ། །

ཚུར་ཡོང་སྙིང་ཤའི་དབར་ལ་རེག་པ་དེ་བྱས་དུས། །

གཅེས་པའི་རང་བློ་མངོན་པའི་སྐྱིད་ཉམས་ཀྱི་དུང་བ། །

ཕན་ཚུན་བློ་ངོར་འཁྱིལ་བའི་བསླུ་མེད་ཀྱིས་ཁེངས་ཡོད། །

གཞན་གྱི་བརྩེ་བར་ཡིད་སྨོན་འཆོར་དོན་རང་དབེན་ཅིང་། །

རང་རང་འགྲམ་ལ་ཡོད་པའི་བརྩེ་བ་ཡི་འདང་ཆེན། །

གཅིག་སེམས་གཅིག་ཏུ་སྦྲེལ་ཏེ་ཡིད་ཆེས་ཀྱི་སེམས་པ། །

ཕན་ཚུན་ལྷད་མེད་བཅང་ན་གཞན་དག་ལ་མི་སྨོན། །

དུས་རབས་གསར་པའི་མི་སེམས་རྒྱུ་འབྱོར་གྱིས་བཅོམ་ལ། །

དེང་དུས་ཕོ་མོའི་མཛའ་བརྩེ་སྒོར་མོ་ཡིས་བསླུས་པས། །

དེ་ལྟར་མི་འགྱུར་བརྩེ་བའི་རང་མདངས་ཀྱི་འོ་མ། །

གཅིག་སེམས་གཅིག་ཏུ་གནས་འདྲ་བརྩེ་བ་དེ་འབད་དགོས། །

མི་ཁའི་ཡག་སྡུག་སྐད་ཆ་གློག་ཞགས་ལྟར་འཁྱུགས་ལ། །

དྲང་བདེན་སྐད་ཆའི་སྙིང་པོ་རྭ་ཁ་ལྟར་བཀྱེས་ཀྱང་། །

རྣ་བ་ཨེན་ཙམ་མི་གཏད་རང་རང་གི་བརྩེ་བ། །

རིང་ནས་རིང་དུ་འཚོ་བའི་ལས་དབང་ལ་འབད་འགྲོ། །

མགོ་སྐོར་གཡོགས་པའི་བསམ་པ་རྨང་གཞི་ནས་དོར་ལ། །

རྒྱབ་ནས་རྫུན་ཚིག་སེམས་ཀྱི་མདའ་མོ་དེ་མི་གཏད། །

ཕན་ཚུན་ཡང་ཡང་གཅེས་པའི་སེམས་པ་ཡི་ཀློང་ནས། །

དྲན་གདུང་སྙིང་དུ་ཉར་བའི་སེམས་པ་རང་སྦར་དགོས། །

འཚོ་བ་ཁྲ་ཁྲའི་སྒལ་ཚིགས་ཡངས་མོ་ཡི་གྲོང་ན། །

མི་བརྟན་བརྩེ་བའི་འགྱུར་བ་སྣ་སོགས་སུ་གྲུབ་ཀྱང་། །

རང་སེམས་གཏིང་ནས་གཅེས་པའི་དགའ་མ་ཡི་པང་ན། །

དངུལ་དཀར་བརྩེ་བའི་མདངས་ཆགས་ཟོལ་མེད་དུ་འཇོག་པ། །

སྐད་ཅིག་འཇིག་རྟེན་བདེ་སྡུག་འཇའ་རིས་ཀྱི་འོག་ན། །

བརྩེ་བའི་དྭངས་གཙང་ལྷད་མེད་མི་སེམས་ལ་ཟུག་ཅིང་། །

ཤ་དང་རུས་པའི་མཐིལ་ལ་བྲལ་མེད་དུ་བསྟིམས་པས། །

དུང་སེམས་འོ་མའི་རང་མདངས་འཛུམ་པ་རང་གྲོལ་སོང་། །

དགའ་ན་ཞལ་གྱི་འཛུམ་དཀར་སྟོན་ས་ཡི་བདག་མོ། །

སྡུག་ན་མིག་ཆུ་འཛད་མེད་བཞུར་ས་ཡི་དགའ་མ། །

དགའ་སྡུག་བསླས་མའི་འོག་གི་མཉམ་གྲོགས་ཀྱི་མི་ལ། །

མི་བྲལ་བརྟན་ཚིག་ཟབ་མོ་གསེར་ཡིག་ཏུ་བྲིས་པ། །

ཚེ་ཡི་སྐལ་བ་རྫོགས་ན་བེམ་རོ་ཡི་རྣམ་ཤེས། །

ཁྱོད་ཀྱི་པང་ན་འཁོར་བའི་སྟ་གོན་རང་བརྩོན་ཏེ། །

མི་རྟག་འཁོར་བའི་གྲོང་ནས་མཉམ་རོལ་དུ་བྱས་པས། །

སེམས་ཀྱི་འཆར་སྒོ་ཚིམ་པའི་སྣང་བ་རུ་སྒོམ་ཡོད། །

མཐུན་པའི་གསེར་ཀྱི་སྐུད་པ་ཡིད་སེམས་ལ་སྦྲེལ་ཏེ། །

སྐུད་པའི་མདུད་པ་མ་ལྷོད་དམ་སྦྲེལ་དུ་བྱས་ཤིང་། །

སེམས་ཀྱི་ཕུགས་འདུན་ཁ་ཕྱོགས་གཅིག་པ་རུ་གཏད་ནས། །

ཡིད་ཀྱི་སྨོན་པའི་ཚིག་གིས་རམ་འདེགས་སུ་བྱས་ཡོད། །

མི་འགྱུར་བརྩེ་བའི་དམ་བཅའ་མནའ་ཚིག་ཏུ་སྐྱེལ་ཏེ། །

སྐྱབས་གནས་དམ་པའི་ལྷ་ལ་བསྔོ་བ་རུ་བགྱིས་ནས། །

དུང་སེམས་གཡོ་ཟོལ་དབེན་པའི་ཕན་ཚུན་དུ་འཁྱུད་ལ། །

མི་ཚེ་མཉམ་དུ་སྐྱེལ་བའི་ཕུགས་འདུན་རེ་སོམས་ཡོད། །


  • ལེ་ཚན་སྔོན་མ།:ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་གྲོལ།
  • ལེ་ཚན་རྗེས་མ།:དྲན་པ་ནང་གི་ལྷ་མོ་ཞིག།