སྐར་མ་སྨིན་དྲུག། ༼ བྱིས་སྒྲུང་།༽

ཞོགས་རྫ་རྔ།        2024-01-30

སྔོན་ཆད་འབྲོག་པ་ཚོར་ཁང་པ་མེད་ཅིང་དགུན་ཁ་དང་དཔྱིད་ཀར་སྦྲ་ཡི་ནང་དུ་འཚོ་དགོས། ནམ་ཟླ་ཅུང་འཁྱག་དུས་བུ་སྨིན་དྲུག་ལགས་ཀྱིས་ནང་མོར་ཨ་མ་ལྷས་སུ་སོང་རྗེས། སྦྲ་ཡི་གུང་ཁ་ནས་ཐང་རིང་གི་སྐར་མ་དག་མཐོང་བཞིན་ཡོད། ཁོས་སྐར་མ་དག་ལ་ཡུན་རིང་བལྟས་པས་མཐར་གཉིད་མ་སད་ཀྱིས་ཁོ་ལ་རྨི་ལམ་སྣ་ཚོགས་ཤར་བར་བྱེད། ཁོས་སྐར་མ་ཞིག་ལ་ཞོན་ནས་སྐར་མའི་གོ་ལ་གཞན་ཞིག་ཏུ་འཕུར་བསྐྱོད་བྱེད་པ་རྨིས། ད་རུང་སྐར་མ་གཞན་གྱི་སྟེང་དུ་མཐོང་མ་མྱོང་བའི་སྲོག་ཆགས་དུ་མ་ཡོད་པ་སྣང་ལ། ད་རུང་ཁོས་གཅེས་སྐྱོང་བྱས་པའི་ཁོང་ཚང་གི་ལུ་གུ་དེ་ཡང་ཡོད་པ་རེད།

ཨ་མས་འོ་མ་བཞོས་ཏེ་སྒྲོལ་མ་འདོན་ཞོར་ཁྱིམ་དུ་སླེབས། སྐབས་དེར་ཁོ་རང་གཉིད་ལས་སད་དུས་ནམ་ཡོངས་སུ་གསལ་ཟིན་པ་རེད། དེ་ནས་ཨ་མས་མེ་ཁ་གསོས་ཏེ་ཁོའི་ལྷམ་ཆུང་གཉིས་ཐབ་རྩར་གླན་བྱུང་། འདི་ནི་བུ་སྨིན་དྲུག་ལ་མཚོན་ན་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་སྟེ། ཨ་མས་ལྷམ་སྦངས་མི་རུང་ཚུལ་ཇི་ལྟར་ལབ་ཀྱང་ཁོའི་ལྷམ་ཆུང་གཉིས་ནམ་རྒྱུན་བངས་ཡོད་པ་རེད། འདི་ནི་ཁོས་ཨ་མའི་ཁ་ལ་མ་ཉན་པས་མིན་ཏེ། ཁོས་བསམ་བཞིན་དུ་ལྷམ་སྦངས་པ་གཅིག་ཀྱང་མེད། དགུན་ཁར་ཕྱི་རོལ་ནས་ཅུང་ཙམ་རྩེད་དུས་ཁ་བས་ལྷམ་བངས་པ་ཡོད་ལ། དབྱར་སྟོན་དག་ལ་ཆར་ཆུ་མོད་པས་ཁོས་ལྷམ་གཉིས་ནམ་ཞིག་དང་ཇི་ལྟར་བངས་སོང་བ་མི་ཤེས་པའི་གནས་ཚུལ་ཡང་ཡོད་པ་རེད།

སྨིན་དྲུག་ཚང་ལ་ཁོ་དང་མཚུངས་པའི་མེ་ཏོག་གི་ས་བོན་ལྟ་བུ་འགའ་རེ་ཡོད་དེ། ཆུང་ལ་ཡིད་དུ་འོང་བའི་བེའུ་དང་ལུ་གུ་དེ་དག་རེད། སྙིང་རྗེ་འོས་པའི་ལུ་གུ་ཆུང་ངུ་ཞིག་ཡོད་པ་ནི་སྨིན་དྲུག་གི་གཅེས་ཕྲུག་རེད། ལུ་གུ་དེའི་མ་མོ་སྔར་ནས་མེད་ཀྱང་ཨ་མ་ཡོད་དེ། སྨིན་དྲུག་ལུ་གུ་དེའི་ཨ་མ་ཡིན་པ་རེད། ཁྱིམ་ཚང་འདི་ལ་མཚོན་ན་བེའུ་ལུག་གི་འབའ་སྒྲ་དང་། སྨིན་དྲུག་གི་དགོད་སྒྲ་ནི་བདེ་སྐྱིད་ཆེས་ཆེ་བ་ཡིན་པ་རེད།

བུ་སྨིན་དྲུག་ལ་ཐོ་རེངས་སྐར་ཆེན་ལྟ་བུའི་མིག་ཟུང་དྭངས་མོ་གཉིས་ཡོད་དེ། མི་ཚོའི་ནམ་རྒྱུན་ཁོའི་མིག་ཟུང་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་རེད། དགོང་མོར་ནམ་མཁའ་ལ་ལྟ་དུས་ཁོའི་མིག་ངོར་ཤར་བ་ནི་བགྲང་གིས་མི་ལང་བའི་སྐར་ཚོམས་དག་རེད། བྱང་སྐར་མ་སྤུན་བདུན་དང་སྨིན་དྲུག་སོགས་ཨ་མས་ངོ་སྤྲོད་བྱས་ཟིན་པས། སྐར་མ་དེ་དག་ནི་ཁོ་རང་དང་འདྲ་བའི་བྱིས་པ་རེ་ཡིན་པའི་རྟོག་བཟོ་བྱས་མྱོང་བ་རེད། མ་ཟད་སྐར་མ་སྨིན་དྲུག་ལ་སྤུན་མཆེད་ལྟ་བུའི་བརྩེ་བ་ཞིག་ཀྱང་ཆགས་ཡོད་པ་རེད། ད་རུང་ཨ་མས་བཤད་པའི་གནའ་གཏམ་སྟེ། ཟླ་བ་ལྷ་མོ་ནི་ཟླ་བའི་ནང་དུ་ཡོད་པ་དང་། ཁོང་ཚང་ལ་སྒྲོལ་མའི་ཐང་སྐུ་ཞིག་ཡོད་པ་དེ་དང་འདྲ་བའི་ལྷ་མོ་ཞིག་ཡིན་པའི་རྟོག་བཟོ་བྱས་མྱོང་བ་རེད། བུ་སྨིན་དྲུག་ནི་དངོས་གནས་བློ་རིག་བཀྲ་བ་དང་གཤིས་རྒྱུད་བཟང་པའི་བྱིས་པ་ཞིག་རེད་ཨང་། 


  • ལེ་ཚན་སྔོན་མ།:གྲོགས་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།