གཅན་གླག་མིག་གིས་བསྒྱུར། 2022-12-07
ཀྲའོ་ཆེ་པོ་ཡིས་ཁོའི་ཆུང་མར་ཁ་པར་བཏང་ནས། ད་སོ་མ་གོང་རིམ་གྱི་ཁ་པར་འབྱོར་ནས་ང་རང་སྤྱི་གཉེར་བ་བུའུ་དང་མཉམ་པར་ཞིང་ཆེན་དུ་འགྲོ་དགོས་བྱུང་བས། དོ་དགོང་ཡུལ་ལ་ལོག་ཐུབ་རྒྱུ་མ་རེད་ཅེས་བཤད།
དེར་མཐུད་ནས་ཁོས་གྲོགས་པོ་སྤྱི་གཉེར་བ་བུའུ་ལ་ཁ་པར་བཏང་ནས། བུའུ་སྤུན་ཟླ། ང་དོན་དག་ཅིག་གིས་ཞིང་ཆེན་ལ་འགྲོ་དགོས་བྱུང་སོང་། ཁྱོས་ཀྱང་ངའི་ཆུང་མས་ངའི་རྗེས་དང་ཤུལ་ལ་བལྟོས་བསྡད་ཡོད་པ་ཤེས་ནི་རེད། གལ་ཏེ་མོས་ཁྱོད་ལ་ཁ་པར་བཏང་ནས་འདྲི་ཚེ། ཁྱོས་འུ་གཉིས་ཀྱིས་ཞིང་ཆེན་ན་ཚོང་ལས་ཐད་ཀྱི་གྲོས་ཚོགས་སྡུད་བཞིན་ཡོད་ཅེས་ཤོད་དང་། ང་ཁྱོད་དང་མཉམ་དུ་ཡོད་ཅེས་བཤད་ན་མོས་སེམས་པ་བདེ་ནས་དོགས་པ་ཟ་ནི་མ་རེད།གཏན་ནས་བརྗེད་མི་ཉན་ཞེས་བཤད།
འདང་རྒྱག་མེད། སེམས་བདེ་མོ་བྱོས།
ཁ་པར་ཁ་གཏན་རྗེས། ཀྲའོ་ཆེ་པོ་ཡིས་ཁོའི་དགའ་རོགས་ཡན་ཙི་ཟེར་བར་ཁ་པར་བཏང་ནས། ད་ཡོད་ཚད་གྲུབ་སོང་། ཁྱོས་གྱང་ལེ་ལམ་གྱི་སྒོ་ཆེན་མདུན་ནས་ང་བསྒུགས་ནས་སྡོད་དང་། ང་དུས་ཚོད་ཕྱེད་ཀའི་རྗེས་སུ་ཁྱོད་ལེན་དུ་ཡོང་ཞེས་བཤད།ཀྲའོ་ཆེ་པོ་དང་ཁོའི་དགའ་རོགས་གཉིས་ཞིང་ཆེན་དུ་སོང་ནས་མགྲོན་ཁང་ཞིག་གླས། ས་སྲོད་ཀྱི་དུས་སུ་ཀྲའོ་ཆེ་པོ་དང་ཡན་ཙི་གཉིས་ཀྱིས་ཟ་མ་ཟ་བའི་སྐབས་སུ། ཁོའི་ཆུང་མའི་ཁ་པར་འབྱོར།
"ཟ་མ་ཨེ་ཟོས"
"ད་ཟ་བཞིན་པའི་སྒང་ཡིན"
"གང་ན་ཟ་བཞིན་ཡོད"
"ཞིང་ཆེན་གསོལ་སྟོན་ཁང་ན་ཚོང་འགྲུལ་པར་མགྲོན་བྱེད་བཞིན་ཡོད"ཅེས་ཁ་པར་གཏན།
ཟ་མ་ཟ་ཞོར་དུ་ཁོས་གློ་བུར་དུ་འཚབ་འཚུབ་ཀྱིས་ཁ་པར་བླངས་ནས་ཁོའི་གྲོགས་པོར་ཁ་པར་བཏང་།
"བུའུ་སྤུན་ཟླ། ངའི་ཆུང་མས་ཁ་པར་ཨེ་ཐོན་ཐལ"
"མ་ཐོན་ཐལ"
"དེས་ན་བཟང་གི། ད་ཅུང་མ་འགོར་བར་ཁྱོད་ལ་ཁ་པར་གཏོང་ཁོ་ཐག་ཡིན། འུ་གཉིས་ཀྱིས་ཞིང་ཆེན་གསོལ་སྟོན་ཁང་དུ་ཚོང་འགྲུལ་པར་མགྲོན་བྱེད་བཞིན་ཡོད་ཅེས་ཤོད། སེམས་ལ་བཟུང་།བརྗེད་མི་ཉན"
"སེམས་བདེ་མོ་བྱོས།འུ་གཉིས་གྲོགས་པོ་དགའ་བོ་རེད་མོ"
ཅུང་ཙམ་འདས་རྗེས། བུའུ་སྤྱི་གཉེར་བས་ཀྲའོ་ཆེ་པོ་ལ་ཁ་པར་བཏང་།
"འགྲིག་ཐལ། ད་སོ་མ་འུ་གཉིས་ཀྱིས་ཁ་པར་གཏན་རྗེས། ཁྱོའི་ཆུང་མའི་ཁ་པར་འབྱོར་ཐལ། སེམས་བདེ་མོ་བྱོས། ཁྱོས་བཅོལ་གདམས་ལྟར་བཤད་ཟིན། ཁྱོའི་ཆུང་མ་ཐུགས་དགྱེས་འདུག། ད་ཁྱོད་ཉིན་དུ་ལ་འདུག་འདོད་ན་སྡོད་དང་ཆོག"
ཁ་པར་གཏན་རྗེས། བུའུ་སྤྱི་གཉེར་བས་ཁ་པར་ལ་བལྟས་ནས་ཡིད་ཚིམ་པའི་ཚུལ་གྱིས་ཁོང་དགོད་ཅིག་བྱས།
ནུབ་མོར། བུའུ་སྤྱི་གཉེར་བས་རླངས་འཁོར་བསྐོར་ནས་ཀྲའོ་ཆེ་པོའི་ཁྱིམ་གྱི་ཕྱོགས་སུ་སོང་།
ཀྲའོ་ཆེ་པོ་ཡི་ཆུང་མས་སྒོ་ཕྱེས་མ་ཐག བུའུ་སྤྱི་གཉེར་བས་སྤྱང་ཀིས་ཤ་མཐོང་བ་ལྟར་ཁང་བའི་ནང་དུ་འཛུལ་ཞོར་སྒོ་བརྒྱབ། ཀྲའོ་ཆེ་པོ་ཡི་ཆུང་མ་བུའུ་སྤྱི་གཉེར་བར་འཐམ་ནས"དྲན་ནས་མ་བཟོད་ཐལ"ཞེས་བཤད།
རྩོམ་གསར། 10