བརྩེ་གཞས་སིལ་བུ།

སྨོན་དུང་ཁྲག།        2022-12-07

ལས་ཀྱི་རླུང་བུས་སྒུལ་བའི་བརྩེ་བ་

དབྱངས་ཀྱི་དྲིལ་ཆུང་།།

འཁོར་བ་བྱེ་མའི་ཐང་དུ་མེ་ཏོག་བཞིན་

དུ་བཞད་བྱུང་།།

ལོ་ཟླའི་རྨུ་ཐག་རིང་མོས་ཚིག་

དང་དམ་བཅའ་ཁུར་ཏེ།།

དཀའ་སྡུག་རླབས་ཀྱིས་སྐྱོམ་པའི་

བརྩེ་བའི་རྒྱ་མཚོ་བརྒལ་འགྲོ།

ཁྱོད་ནི་སྙིང་དུ་སྡུག་པའི་ལས་ཀྱི་

གསེར་མིག་ཉ་ཆུང་།།

ང་ཡི་དྲོད་ཁོལ་འོག་གི་བརྩེ་བའི་

ཚན་ཁ་གཉོམ་པས།།

དུས་ཀྱི་ཡོ་ལངས་ཁ་རུ་སྨུག་

གསེབ་ཡུ་མོ་བཞིན་དུ།།

ཕྱོགས་མེད་འདུར་དགོས་བྱུང་ཡང་

ལས་འཕྲོ་ཆད་པ་ཆེ་ཡིན།།

ལས་ཀྱིས་བརྐོས་པའི་མཇལ་འཕྲད་

མཚན་མོའི་སྐར་མ་བཞིན་དུ།།

ཟིམ་པའི་སྨོན་ལམ་གཉོམ་པའི་མཁའ་

དབྱིངས་དེ་ན་འཐོར་ཡང་།།

སྣང་བ་མ་འཁྱག་མིག་རྒྱང་སྐར་མའི་

གཙང་བོར་བསྟིམ་ཆོག།

ཡིད་གདུང་མ་བྱ་དྲོད་ཁོལ་སྙིང་ཆུང་

ལྷུམས་སུ་སྦར་ཆོག།

ནམ་ཞིག་དྲན་གདུང་ཡོད་ཚད་སྐྱ་

རེངས་འོད་ཀྱིས་བཏེགས་ཏེ།།

འཚོ་བའི་ཚ་གདུང་མཐའ་དག་བསིལ་

བའི་ནགས་གསེབ་འཇོག་གོ།

རྨི་ལམ་ལན་གཅིག་རྗེས་ཀྱི་མིག་

ཆུའི་ཐིགས་པ་དེ་དག།

མངར་སྐྱུར་ཚ་གསུམ་འདྲེས་པའི་

འཚོ་བ་ཡིན་པར་བསམ་ཡང་།།

ལོ་ཟླའི་གོམ་ཁ་འཁྱོར་བའི་ཟམ་ཟིམ་

གཏམ་རྒྱུད་དེ་ཡིས།།

སྨྲེང་བའི་སྤྲིན་ནག་སྒུལ་བྱུང་གདུང་

བའི་མཚོ་རླབས་འཁྱེར་ཡོང་།།

སེམས་འདི་སྡོང་པོ་བཞིན་དུ་སྐད་ཆའི་

རླུང་ཁར་གཡོ་བཞིན།།

དུང་བའི་རྦ་རླབས་དྲགས་པའི་དྲན་

པ་རུམ་ལ་ཉར་འདུག།

བས་མཐའི་གསང་བ་མ་ལུས་སྤྲིན་

གྱི་ཚོམས་བུར་བཏབ་སྟེ།།

རྒྱང་དུ་བྱེར་བའི་རེ་བཞག་ཁྱོད་ཀྱིས་

མཐོང་ན་བསམ་བྱུང་།།

མཚན་དཀྱིལ་ཟླ་འོད་འོག་ནས་

སྨྲེང་བ་གཞས་ལ་བཀུག་ཀྱང་།།

བྱང་ཁོག་སྟོད་ཀྱི་མཚོ་མོ་ད་དུང་

འཇགས་པ་མ་བྱུང་།།

ལས་ཀྱི་ཁྲེས་པོ་ཁུར་ཏེ་འཁོར་

བའི་ནམ་མཁར་ལྟ་དུས།།

ང་ནི་འཕུར་ཤུགས་ཆུང་བའི་བྱེའུ་

ཉམ་ཆུང་ཞིག་ལགས།།

འདི་ལྟར་ཁེར་ཧྲེང་གཟེབ་ཏུ་ཚིག་

ལ་སྐྱོ་བ་བསྟར་དུས།།

ཕྱི་མིག་དྲོད་ལ་བརྒྱུས་ནས་ང་ལ་

དུང་དུང་མཛོད་རོགས།།

ཁྱེད་ནི་འཆར་ཡན་ངོས་ཀྱི་རི་མོ་

ལྐོག་གྱུར་ཞིག་གམ།།

སྟོང་བསམ་འཇའ་གུར་དབུས་ཀྱི་

བརྩེ་བའི་སྦྲང་ཆར་ཟམ་ཟིམ།།

མཚན་མོར་ཟླ་བའི་མེ་ཏོག་ལྷོད་

ལྷོད་ངང་གིས་བཞད་ཀྱང་།།

སྐྱ་རེངས་དུས་ཀྱི་ཁྱེད་ནི་ཡང་བསྐྱར་

མཁའ་ལ་འཕགས་འགྲོ།

རྒྱང་གླུ་སེམས་སུ་ཉར་ཞིང་འགྱུར་

ཁུགས་རྩ་ལ་ཐིམ་ཡོད།།

འཕྲིན་པ་ཡི་གེར་བརྒྱུས་ཤིང་ཡི་གེ་

ནད་པར་བཏང་འདུག།

སྣང་བའི་རྟ་ཕོ་དེས་ཀྱང་རྩྭ་ཐང་

གཅོད་ཐབས་མི་འདུག།

མེ་ཏོག་མཐོང་ཚེ་སྨྲེང་བའི་རླུང་

དང་མདེའུས་རྨས་སོང་།།

ཕྱིར་དྲན་གཙང་པོའི་ངོགས་ཀྱི་སྤང་

ཐང་དེ་ན་བསྒུགས་ཡོད།།

སྲོས་ཀྱི་མཚམས་སྤྲིན་བཞིན་དུ་

མིག་ཟུང་ཟིམ་མེར་ལུས་ཡོད།།

བསིལ་འཇམ་རླུང་བུ་ལྡང་སྟེ་སེམས་

པར་བྱིལ་བྱིལ་བྱས་སོང་།།

ཁྱེད་ཀྱི་སྨོན་ལམ་ཡིན་སྙམ་གདོང་ལ་

འཛུམ་མདངས་རྒྱས་ཡོད།།

ད་ནི་སྐྱོ་བའི་རོལ་དབྱངས་གཏན་

དུ་དཀྲོལ་མཚམས་བཞག་ནས།།

སྨོན་པའི་དབྱར་གཞུང་དེ་ནས་འུ་གཉིས་

མཇལ་འཛོམས་གནང་དང་།།

ཁ་བ་བཞིན་གྱི་ངང་སྒུག་སེམས་ཀྱི་

ཟབ་སར་སིམ་པས།།

ཁྱེད་ནི་གངས་རི་བཞིན་དུ་ཡིད་ཀྱི་

གཏིང་ལ་ཆགས་འདུག།

གངས་འདིའི་རང་མདངས་དཀར་

པོར་གཏན་དུ་དྲི་མ་མེད་དགོས།།

བརྩེ་བ་གངས་ཆུའི་བཞུར་རྒྱུན་ཆད་

པ་མེད་པའི་སྨོན་ལམ།།

ལས་དབང་ལ་མོ་བརྒལ་དུས་སྐྱོ་བ་

རླུང་ལ་བསྐུར་རོ།།

མི་ཁའི་རླུང་ཁར་ལུས་དུས་བརྩེ་

བའི་གུར་ཆུང་དབུབ་བོ།།

སྙིང་སྡུག་ཡིད་ཀྱི་མཚོ་མོ་མཚོ་

ཁའི་བྱུ་རུ་དམར་ཆུང་།།

གཏན་གྱི་འདུན་མར་འཁོར་བའི་

ལས་ཀྱི་ལམ་གྲོགས་ཡིན་ནོ།།

གཤིས་ཀྱི་འཇམ་ཁར་སྨིན་པའི་སྣང་

བའི་རྨི་ལམ་སིམ་སིམ།།

འཛུམ་གྱི་ནམ་མཁར་འཚེར་བའི་

དབྱངས་ཀྱི་སྐར་མ་ལམ་ལམ།།

ང་ཡི་སེར་ཆེན་མེ་ཏོག་མེ་ཏོག་སྟོང་

གི་ཡན་རེད།།

བསིལ་འཇམ་རླུང་བུའི་འོག་ན་

ལྷ་ལས་འཁྲུངས་པའི་སྙན་ཚིག།

རྒྱང་རིང་གཞས་ཀྱི་རྨུ་ཐག་འཁོར་

བའི་ཐང་ནས་བླངས་ཡོད།།

བསིལ་བསིལ་ཟེགས་མ་གཏོང་

རོགས་ང་ཡི་ཟླ་བའི་ལྷ་མོ།།

  • ལེ་ཚན་སྔོན་མ།:སྨིག་རྒྱུའི་སྐར་མ་སྨིན་དྲུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།