གདུང་སེམས།

འཆི་མེད་ཚེ་རིང་།        2022-11-30

བྱང་ཁོག་གྲ་མས་རྡུང་བའི་སྤྲིན་པ་ལང་ལོང་།།

དོ་ནུབ་དྲན་པས་འཁུར་གྱིན་བྲང་རུས་བརྟོལ་ཚེ།།

ལས་མཐའ་གྲི་ཁར་གཏད་པའི་མིག་ཆུའི་ཕྲེང་བ།།

སྐྱོ་ཤས་སྡུག་སྨྲེང་ཀློང་ནས་འཐོར་བ་ཨེ་ཡིན།།

སྙིང་ཁམས་མེ་རུ་བསྒྲོན་པའི་འོད་ཐིག་ཅིག་ལ།།

འཆར་སྣང་ལྕང་ཆུང་སྦས་ཏེ་དགུན་མཐར་སླེབས་དུས།།

ས་གཞིའི་དོས་པོ་འཁུར་བའི་སེམས་དང་སེམས་པར།།

སྡུག་ཡུས་གྲུ་གང་གཏད་ལ་བཟོད་གླགས་འདུག་གམ།།

སྲང་མདོའི་རྒྱུ་སྐར་གཡོ་བའི་སྐྱིད་ཆུའི་ཟེགས་མ།།

ཁྱོད་ཀྱི་སྒོ་མིག་ནང་ན་འཁོར་འཁོར་ལུས་པས།།

གཅོང་རོང་བྲག་མཐར་བསྙེགས་པའི་ང་ཡི་མདུན་རྒྱབ།།

འུར་མའི་འདབ་ཆགས་ལྡིང་སའི་འཇིག་རྟེན་ཡིན་འདུག།

སྐྱོ་གར་གཤིས་སུ་གྲུབ་པ་མཚན་མོའི་སྣང་བ།།

འདས་ཟིན་ཡོལ་བའི་ཕག་ན་དལ་བུར་འཐེན་ཚེ།།

གཏན་གྱི་མདུད་པ་བོར་སའི་སྙིང་གི་གར་བུ།།

བྱ་ཁྱུའི་གཤོག་གདངས་སྦྲེལ་དུས་ཡང་ཡང་དྲན་ནོ།།

དར་རྒུད་དུས་ཀྱི་མདའ་རྩེ་གམ་ན་ཐེབས་པས།།

ལུས་སེམས་ངལ་ཞིང་ངལ་ཞིང་རེ་ཐག་ཆད་ཀྱང་།།

རྒྱང་བཞུད་སྤྲིན་པ་ཞིག་ལ་སྨོན་པའི་ཐལ་མོ།།

ཕྱི་མའི་དུར་ཁུང་ནང་དུ་སྦྱོར་ཆོག་སྙམ་མོ།།


  • ལེ་ཚན་སྔོན་མ།:སེམས་ཚེགས།
  • ལེ་ཚན་རྗེས་མ།:བརྩེ་གཞས་རླུང་འགྲོག་མ།