དུས་ཚོད་ཀྱི་གས་ཁ།

འཆི་མེད་ཚེ་རིང་།        2022-11-30

འཁྲེང་སེམས་རྡུལ་གྱི་མཆུ་སྒྲོས་བསྲིངས་བ་ལ།།

སྐྱ་ཤིག་ཤིག་གི་ཡིད་ཐང་ཆད་ཀྱང་ཆོག།

རྩྭ་ལྗང་ཁོ་ན་འབལ་བའི་གྲིབ་གཟུགས་ལ།།

བར་སྣང་སྒོ་བཞིན་ཕྱེས་པའི་མཆུ་འདབ་གཡོ།།

དུས་བཞིའི་འོད་དང་མུན་པའི་འཐབ་མཚམས་སུ།།

སེར་ལམ་ལམ་གྱི་རྔོག་ཆུང་རླུང་བུས་ཁུར།།

བདག་ནི་ཐོག་ཁང་འདི་ཡི་ཞོལ་ཤད་ན།།

མཆོད་མེའི་ཚབ་ཏུ་བསྒྲོན་པ་ཡིད་ལ་གདུང་།།

ཉི་མའི་སྒོ་དར་འཐེན་པའི་མཚན་ཐུན་རེར།

སྔོ་ལྡེམ་ལྡེམ་གྱི་རྨི་ལམ་གཤོག་ཐོགས་བཞིན།།

རི་དང་སྤྲིན་པ་བསྡོངས་བའི་ཐག་སྒྲ་ཡིས།།

ཐོབ་ཤོར་རླབས་ཀྱི་རྫིང་བུ་ཡར་ཡར་འཐེན།།

མིག་གི་རྩིག་ངོར་ལྡོག་འཕྲོའི་ཟོལ་གྱིས་ནི།།

ནག་ཐིང་ཐིང་གི་ཆུ་ཕྲན་འཕྱོ་བ་ན།།

ཡིད་འོང་རྒྱ་རྙིའི་གསེབ་ན་སྐར་ཚོམ་ལྟར།།

འཚོ་བའི་རིགས་རུས་དག་གིས་རྐང་བྲོ་རྡུང་།།

ཕལ་བའི་པང་དུ་འུར་ཟིང་དར་ཤོམ་གྱིས།།

སྐྱོ་ལྷང་ལྷང་གི་མེ་ལོང་གཙུབ་བརྡར་བྱས།།

ཆུ་ཕྲན་བང་རིམ་སྒྲིག་པའི་ལུས་ཟུངས་ལ།།

སོམ་ཉི་སྒྱུ་མའི་ཕྲེང་རྡོག་རེ་ཟུང་འཐོར།།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་གི་ལྷོ་ནུབ་ཡན་ལག་པུའུ་ཡི་ཀྲུའུ་རེན་ལིའུ་ཆིན་དང་བཅས་པར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།