ཡུལ་སྡེ་དར་རྒྱས་གཏོང་བར་རྩོད་སྒྲུབ་ཀྱི་འབྲེལ་བ་དྲུག་ཐག་གཅད་དགོས།

སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས།        2022-11-28

ཡུལ་སྡེ་དར་རྒྱས་གཏོང་བར་རྩོད་སྒྲུབ་ཀྱི་འབྲེལ་བ་དྲུག་ཐག་གཅད་དགོས།

    སྤྱི་ཟླ11པའི་ཚེས25ཉིན། དཀར་མཛེས་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཀྲེ་ཅང་སློབ་ཆེན་རྒྱུན་སྲིང་སློབ་གསོ་སློབ་གླིང་གིས་མཉམ་དུ་གཉེར་བའི་ཀྲེ་ཅང་དང་དཀར་མཛེས་ཁུལ་གཉིས་ཀྱིས་ཡུལ་སྡེ་དར་རྒྱས་སྐོར་གླེང་བའི་སྤེལ་རེས་གྲོས་ཚོགས་ཀྲེ་ཅང་སློབ་ཆེན་ཧྭ་ཅ་མཚེའུ་སློབ་ཁུལ་དུ་འཚོགས་པ་རེད།

     འབྱོར་འབྲིང་དུས་དེབ་ཁང་ཧྭ་ཏུང་གསར་འགྱུར་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲོའུ་ཡུས་ཀྱིས་གྲོས་ཚོགས་གཙོ་སྐྱོང་བྱས། གདན་ཞུ་སྐུ་མགྲོན་འབྱོར་འབྲིང་དུས་དེབ་ཁང་གི་མགོ་གཙོ་གཞོན་པ་ལེ་ཧུའེ་ལིན་དང་། ཀྲེ་ཅང་ཧུའུ་ཀྲོའུ་གྲོང་ཁྱེར་ཏེ་ཆིང་རྫོང་མའོ་ཀན་ཧྲན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཅན་ཡུང་། ཀྲེ་ཅང་ཧོང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་ལིན་ཕུའུ་གྲོང་རྡལ་གྱི་མགོ་གཙོ་གཞོན་པ་ཉིང་ཅན་ཆིང་གྲོས་ཚོགས་སུ་ཞུགས། དཀར་མཛེས་ཁུལ་གྱི་ཡུལ་གྲོང་མགོ་གཙོ་ཕུལ་བྱུང་བའི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཚང་མ་གྲོས་ཚོགས་སུ་ཞུགས་ཡོད།

     སྤེལ་རེས་གྲོས་ཚོགས་སུ། ཝུའུ་ཅན་ཡུང་གིས་ཕྱོགས་དྲུག་གི་ཐད་ནས་ཀྲེ་ཅང་ཏེ་ཆིང་རྫོང་མའོ་ཀན་ཧྲན་གྱིས་ཡུལ་སྡེ་དར་རྒྱས་བཏང་ཚུལ་གྱི་གཏམ་རྒྱུད་གླེང་བ་དང་། ཉིང་ཅན་ཆིང་གིས་ཕྱོགས་བཞིའི་ཐད་ནས་ལིན་ཕུའུ་གྲོང་རྡལ་གྱི་འབྱུང་འགྱུར་ཡུལ་སྡེ་འཕེལ་རྒྱས་གཏོང་ཚུལ་གླེང་། རང་ཁུལ་འབའ་ཐང་རྫོང་རྡོ་གཞོང་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་རྡལ་མགོ་གཙོ་ཧན་ཡིང་ཧོང་དང་། ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུལ་ཤོག་མགོ་གཙོ་ཚེ་གྲུབ། དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུལ་ཤོག་མགོ་གཙོ་ཧོང་པའོ་གསུམ་གྱིས་སོ་སོའི་གྲོང་རྡལ་དང་ཡུལ་ཤོག་གི་ཡུལ་སྡེ་དར་རྒྱས་ཀྱི་ཉམས་མྱོང་དང་འཕྲད་པའི་དཀའ་ངལ་གླེང་བ་རེད།

     ལེ་ཧུའེ་ལིན་གྱིས་དཔེ་མཚོན་ཞིབ་ཅིང་ཕྲ་བ་བཀོད་དེ་ཀྲེ་ཅང་གི་ཡུལ་སྡེ་དར་རྒྱས་ཀྱི་ཉམས་མྱོང་རྒྱས་འགྲེལ་བྱས་པ་རེད།ལེ་ཧུའེ་ལིན་གྱིས་ཡུལ་སྡེ་དར་རྒྱས་གཏོང་བར་ངེས་པར་དུ་གྲོང་ཁྱེར་དང་ཡུལ་སྡེ། སྲིད་འཛིན་དང་ཁྲོམ་ར། གཙོ་ལས་དང་མང་ལས། དངོས་པོ་དང་བསམ་པ། སྲུང་སྐྱོང་དང་འཕེལ་རྒྱས། བརྒྱུད་འཛིན་དང་འབྱུང་འགྱུར་བཅས་ཀྱི་རྩོད་སྒྲུབ་འབྲེལ་བ་དྲུག་ཐག་གཅོད་ཡག་པོ་བྱ་དགོས་པ་དང་། ངེས་པར་དུ་ཏང་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། ཡུལ་སྡེ་མཛེས་སྡུག་ལྡན་པ་བསྐྲུན་རྒྱུ་ནི་རྨང་གཞི་ཡིན་པ། ཐོན་ལས་དར་རྒྱས་ཡོང་བ་ནི་སྲོག་ཤིང་ཡིན་པ། རིག་གནས་བསྐྱར་དུ་དར་བ་ནི་བླ་སྲོག་ཡིན་པ་གསེད་བཀྲོལ་ཡག་པོ་བྱ་དགོས། དངོས་གནས་དྲང་གནས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཁྲིད་སྟོན་བྱེད་ཕྱོགས་སུ་འཛིན་དགོས་ལ། ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་སྲིད་གཞུང་གིས་འགན་ནུས་མ་བསྒྱུར་ཐབས་མེད་བྱེད་དུ་བཅུག་ནས་རང་གི་དམིགས་འབེན་འགྲུབ་པའི་སྙིང་དོན་གཙོ་བོ་ལག་ལེན་བསྟར་དགོས་ཞེས་བཤད་པ་རེད།

     སྤེལ་རེས་གྲོས་ཚོགས་མཇུག་གྲོལ་རྗེས། དཀར་མཛེས་ཁུལ་གྱི་ཡུལ་གྲོང་མགོ་གཙོ་ཕུལ་བྱུང་བའི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་སློབ་མཇུག་གྲོལ་བའི་མཛད་སྒོ་སྤེལ་ཞིང་། མཛད་སྒོར་ཀྲེ་ཅང་སློབ་ཆེན་རྒྱུན་སྲིང་སློབ་གསོ་སློབ་གླིང་ལྷོ་ནུབ་ཁུལ་གཉིས་པའི་གསོ་སྦྱོང་པུའུ་ཡི་མགོ་གཙོ་མཱ་ཧའེ་རུའུ་དང་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་རྩ་འཛུགས་ཁང་གཉིས་པའི་ལས་བྱེད་པ་ཧྲེན་རུའེ་ཡིས་ཕྱོགས་བསྡོམས་གཏམ་བཤད་བྱས་ཤིང་སློབ་མ་ཚོར་རྒྱུན་སྲིང་སློབ་གསོའི་གསོ་སྦྱོང་སློབ་མཇུག་གྲོལ་བའི་ལག་ཁྱེར་སྤྲད། སྦྱོང་དོན་ཁང་གི་འཛིན་བདག་ཧོང་ཞའོ་ལིན་གྱིས་མཛད་སྒོ་གཙོ་སྐྱོང་བྱས་ཤིང་གསོ་སྦྱོང་གི་གནས་ཚུལ་བསྡུས་པའི་བརྙན་ཐུང་བཟོས་ནས་བཏང་བ་རེད།

     དར་མདོ་གྲོང་ཁྱེར་རི་བོ་གངས་དཀར་གྲོང་རྡལ་གྱི་མགོ་གཙོ་བཀྲ་ཤིས་ཚེ་རིང་གིས་ཐེངས་འདིའི་གསོ་སྦྱོང་དུ་ཞུགས་རྗེས་ཕན་འབྲས་ཆེན་པོ་ཐོབ་སོང་། ཀྲེ་ཅང་དང་དཀར་མཛེས་ཁུལ་གྱི་བར་ས་ཆའི་གནས་སྟངས་དང་ཐོན་ཁུངས་སོགས་ཀྱི་ཐད་ཧེ་བག་ཧ་ཅང་ཆེན་པོ་འདུག་པས་འཕེལ་རྒྱས་གཏོང་སྟངས་ལ་ལད་མོ་བྱེད་ས་མེད་མོད། འོན་ཀྱང་དགེ་རྒན་ཚོའི་འཆད་ཁྲིད་ལ་ཉན་ཞིང་ཡུལ་དངོས་སློབ་ཁྲིད་ལ་མྱོང་རོལ་བྱས་རྗེས། ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་སོང་ལ་རིག་ལམ་ཇེ་ཡངས་སུ་ཕྱིན་ཡོད། རང་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་མཐུན་པའི་འདུ་ཤེས་དང་ཐབས་ཤེས་མི་ཉུང་བ་ཡང་ཤེས་སོང་། ཕྱིར་རང་ཡུལ་དུ་ལོག་དུས་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པར་བསྒྲག་དགོས་པར་མ་ཟད། གང་ལ་གང་འོས་དེ་ལ་དེ་བསྟུན་གྱིས་དངོས་ཡོད་ལས་དོན་ཁྲོད་དུ་བེད་སྤྱོད་གཏང་རྒྱུ་ཡིན། རྗེས་མར་སྤེལ་རེས་མཉམ་འདྲེས་ཁྲོད་སློབ་ཚན་བཀོད་སྒྲིག་ཐད་ལ་ཁྱབ་ཁོངས་གཅིག་གི་ནང་དོན་ལ་ཆེད་དུ་དམིགས་ནས་འབྲེལ་ཡོད་མི་སྣ་བསྡུས་ཏེ་ཆེད་དོན་གསོ་སྦྱོང་དང་། ཡུལ་དངོས་སློབ་ཁྲིད་བྱ་ཡུལ་དུ་བསྡད་དེ་སྦྱངས་པ་ཁོང་དུ་བྱང་ཆུབ་པར་ཆུད་ཅིང་ཕན་འབྲས་དངོས་ཐོན་པར་བྱས་ནས་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་གཏང་དགོས། ལྷག་པར་ཀྲེ་ཅང་གི་འབྲེལ་ཡོད་ཆེད་རམས་པ་དཀར་མཛེས་ཁུལ་གྱི་ཡུལ་དངོས་སུ་འཆར་འགོད་དང་ལག་ལེན་དམར་ཁྲིད་གནང་དུ་ཕེབས་ནས་མཉམ་དུ་ཕྱུག་འབྱོར་ཡོང་བར་བསྐུལ་བའི་རེ་བ་ཡོད་ཅེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྱོང་བཅོས་སྒྱུར་ལས་ཀར་སྐུལ་འདེད་གཏོང་བའི་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།