ཞི་ཅིན་ཕིང་ནས་ཚོགས་ཞུགས་དང་འཚམས་འདྲི་གནང་བར་གྲུབ་འབྲས་གལ་ཆེན་ཐོབ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-11-22

ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པ་དང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དགུར་ཞུགས་པར་མ་ཟད་ཐེ་ལན་ལ་འཚམས་འདྲི་གནང་བར་གྲུབ་འབྲས་གལ་ཆེན་ཐོབ་པ།

     སྤྱི་ཟླ11པའི་ཚེས14ནས19ཉིན་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་ཕེབས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པར་ཞུགས་པ་དང་ཐེ་ལན་གྱི་པང་ཁོག་ཏུ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དགུ་པར་ཞུགས་པར་མ་ཟད་ཐེ་ལན་ལ་འཚམས་འདྲི་ཡང་གནང་བ་རེད།   འགྲུལ་བཞུད་མཇུག་འགྲིལ་སྐབས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་དོན་ཨུ་ཡོན་ཝང་དབྱིས་མཉམ་བསྐྱོད་གསར་འགོད་པར་ད་ཐེངས་ཀྱི་འཚམས་འདྲིའི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

     ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་རྗེས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ཨ་ཤེ་ཡ་ཤར་ལྷོའི་ཁུལ་དུ་ཕེབས་པར་འཛམ་གླིང་གིས་དོ་སྣང་བྱས་ཡོད། ཉིན6དང་མཚན5ཡི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱེད་སྒོ་ཐེངས30ལྷག་ཙམ་ལ་ཞུགས་ནས་ཕྱོགས་མང་ཕྱི་འབྲེལ་ལ་ཇུས་འགོད་གནང་ཡོད་ལ། ཕྱོགས་གཉིས་འབྲེལ་བར་ཁྲིད་སྟོན་ཡང་གནང་བ་དང་། རྒྱལ་ཁབ་ཆེན་མོའི་དབར་གྱི་མཉམ་འགུལ་ཟབ་ཏུ་བཏང་ཡོད་ལ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱང་ཟབ་ཏུ་བཏང་ཡོད། ཀྲུང་གོའི་བཅོས་སྐྱོང་ལ་གསལ་འགྲེལ་གནང་ཡོད་ལ། འཛམ་གླིང་གི་དྲི་བར་ཡང་ལྗགས་ལན་གནང་ཡོད། གྲོས་འགོ་དང་འདོད་ཚུལ་ཆེན་པོ་བཏོན་གནང་ཡོད་ལ། དངོས་གཉེར་བྱ་སྤྱོད་ཀྱི་བྱ་ཐབས་ཀྱང་ཁྱབ་བསྒྲགས་གནང་ཡོད་པས། ནང་དོན་ཕུན་སུམ་ཚོགས་པ་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད་པ་རེད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་རིང་ཕྱོགས་མང་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་ཕྱོགས་གཉིས་གྲོས་མོལ་གནང་ཡུལ་སོགས་སུ།སྐུ་ངོ་མས་ཚོགས་ཆེན་ཉི་ཤུ་པའི་གཏམ་རྒྱུད་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གཏམ་རྒྱུད། ཀྲུང་གོ་དང་འཛམ་གླིང་མཉམ་ལས་མཉམ་རྒྱལ་གྱི་གཏམ་རྒྱུད་བཅས་ཆ་ཚང་བ་དང་གཏིང་ཟབ་པ། གནད་ལ་འཕིགས་པ་བཅས་ཀྱི་སྒོ་ནས་གླེང་གནང་བ་དང་། ཀྲུང་གོའི་སྤུས་ཚད་མཐོ་བའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་སྒོ་དབྱེའི་འོད་སྟོང་འཕྲོ་བའི་མདུན་ལམ་གླེང་གནང་ཁར། ཀྲུང་གོས་སྔར་རྒྱུན་བཞིན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་སྒོ་དབྱེ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་བརྡ་རྟགས་ཤུགས་ཆེན་བརྒྱུད་སྤྲོད་ཀྱང་གནང་ཡོད།

     མིག་སྔར་འཛམ་གླིང་འདི་ཉིད་སླར་ཡང་ལམ་བཞི་མདོ་ཁར་སླེབས་པས། ཨ་ཤེ་ཡས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་དང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་མཉམ་དུ་སྐོང་འཚོགས་བྱས་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པ་དང་དེར་སྐུལ་འདེད་གཏོང་བའི་དུས་སྐབས་གལ་ཆེན་ཐོབ་ཡོད།

     ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡངས་ཤིང་རྒྱ་ཆེ་བའི་ཡུལ་དུས་ཀྱི་གཟིགས་ཕྱོགས་ཐོག་ནས་མིའི་རིགས་ཀྱི་འགྲན་སློང་ཆེན་པོར་དབྱེ་ཞིབ་གནང་སྟེ།ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པའི་གྲོས་འགོ་བཏོན་པ་དང་།སྒོ་དབྱེའི་ས་ཁོངས་རིང་ལུགས་རྒྱུན་འཁྱོངས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཨ་ཤེ་ཡའི་དུས་སྐབས་གསལ་སྟོན་བཅས་གནང་བས། དུས་རབས་ཀྱི་དྲི་བར་ཀྲུང་གོའི་ལན་བཏབ་གནང་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྩ་ཆེའི་སེམས་ཤུགས་བསྣན་ཡོད།

     ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་པ་ལི་གླིང་ཕྲན་དུ་མཇལ་མོལ་གནང་བ་དང་། དེ་ནི་ལོ་གསུམ་ལྷག་ཙམ་དང་ལྷག་པར་དུ་རིམས་ནད་ཐོན་ཚུན་ཀྲུང་ཨའི་གཙོ་བདག་ཕན་ཚུན་ངོ་ཐུག་མཇལ་མོལ་གནང་ཐེངས་དང་པོ་དེ་ཡིན་ལ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་རིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ཕྱོགས་གཉིས་བྱེད་སྒོ་ཞིག་ཀྱང་རེད།

     ད་ཐེངས་ཀྲུང་ཨའི་གཙོ་བདག་གི་མཇལ་མོལ་ནང་ཁ་ཕྱོགས་གཅིག་གསལ་སྟོན་གནང་བ་ནི་ཀྲུང་ཨའི་འབྲེལ་བ་རྒྱུན་གཏན་འཁོར་ལམ་ནས་གྲོལ་ཏེ་ཚོད་འཛིན་མི་ཐུབ་པའི་གནས་ཚུལ་སྔོན་འགོག་བྱ་རྒྱུ་དང་། རྒྱལ་ཁབ་ཆེན་པོ་གཉིས་ཡང་དག་པའི་ངང་མཉམ་གནས་བྱེད་པའི་ཐབས་ལམ་འཚོལ་རྒྱུ་དེ་ཡིན་པ་དང་། སྒྲོམ་གཞི་ཞིག་གཏན་འཁེལ་གནང་བ་ནི་ཐུན་མོང་ཐོག་ཀྲུང་ཨའི་འབྲེལ་བའི་མཛུབ་ཁྲིད་རྩ་དོན་ནམ་ཡང་ན་འཐབ་ཇུས་རང་བཞིན་གྱི་སྒྲོམ་གཞི་གྲོས་བསྡུར་བྱས་ནས་གཏན་འཁེལ་བྱ་རྒྱུ་དེ་ཡིན། འཕེལ་རིམ་ཞིག་སྤེལ་འགོ་ཚུགས་པ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དེ་དག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཀྲུང་ཨའི་འབྲེལ་བར་དོ་དམ་ཚོད་འཛིན་བྱེད་པ་དང་བརྟན་པོ་ཡོང་བ་བྱ་རྒྱུ་དེ་རེད།

     རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་ཁག་ནས་དབུ་ཚོགས་ཀྱི་དབུ་ཚོགས་དེས་ཀྲུང་ཨའི་འབྲེལ་ཟམ་བསྐྲུན་འགོ་ཚུགས་ཡོད་པས། ཀྲུང་ཨའི་འབྲེལ་བའི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་དང་རྒྱལ་སྤྱིའི་གནས་སྟངས་ཀྱི་འགྱུར་བར་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུའི་ངོས་འཛིན་བྱས་ཡོད།

     ཧིན་རྡུ་ཉི་ཞི་ཡ་དང་ཐེ་ལན་དུ་བཞུགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་འགྲོར་འཇོག་པའི་ཁ་ཕྱོགས་ཤིག་ཡིན་པས། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་དང་ཐེ་ལན་སོགས་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ། གོང་འཕེལ་དང་མཉམ་ལས་ལ་གཅིག་བསྡུས་ཐོག་དོ་ཁུར་བྱེད་པ་དང་ཁྱིམ་གཞིས་ཆེན་པོ་ལྔ་ཞེས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

     ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོ་དང་ཐེ་ལན་དབར་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པ་དེའི་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་བ་མངོན་ཞིང་། ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་འདུ་ཤེས་དང་འབོད་ཚིག་ཙམ་མ་ཡིན་པར་ཏན་ཏན་ཏིག་ཏིག་གི་སྲིད་ཇུས་དང་བྱ་སྤྱོད་ཅིག་ཡིན་པ་མཚོན་ཡོད། དེས་ཀྲུང་གོ་དང་རྒྱལ་ཁབ་ཁག་གིས་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་དཔེ་སྟོན་གྱི་ནུས་པ་ཐོན་རྒྱུ་རེད་ལ།མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་ཡང་སྔར་བས་རྒྱ་ཁྱབ་ཀྱི་རྒྱལ་སྤྱིའི་སྟོབས་ཤུགས་གཅིག་སྡུད་ཐུབ་རྒྱུ་རེད།

     རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་དང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་འཚོགས་རིང་དང་།  པ་ལི་གླིང་ཕྲན་ནས་པང་ཁོག་བར། ཀྲུའུ་ཞི་ཞི་ཅིན་ཕིང་གི་“རླུང་འཁོར་རྣམ་པའི་ཕྱི་འབྲེལ”ལས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་ཀྲུང་གོས་སྔར་བས་གལ་འགངས་ཆེ་བའི་གནས་བབ་བཟུང་བ་མངོན་ཡོད།   རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་རང་སོ་སོའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་གདེང་འཇོག་གང་ལེགས་བྱས་པར་མ་ཟད། ཀྲུང་གོའི་ཕྱོགས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་བསམ་འདུན་ཡང་མཚོན་པར་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་ཕྱོགས་མང་རིང་ལུགས་ལག་བསྟར་རྒྱུན་འཁྱོངས་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱས་ཤིང་། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་སྲུང་སྐྱོབ་བྱེད་པའི་ཐད་སྔར་བས་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

     ཀྲུའུ་ཞི་ཞི་ཅིན་ཕིང་གི་གཅིག་སྡུད་ཞིབ་ཚགས་དང་ཕན་འབྲས་ལྡན་པའི་དབུ་ཚོགས་ཕྱི་འབྲེལ་ཐོག་ནས། སྐད་ཆ་ཤོད་རེས་དང་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་ནི་མི་ཡུལ་གྱི་ཡང་དག་པའི་འགྲོ་ལམ་དང་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པ་དང་། འཇམ་འཐབ་ཀྱི་བསམ་བློ་དང་དཔུང་ཁག་དབར་གྱི་འགྲན་རྒོལ་ནི་མི་སེམས་དང་མི་མཐུན་ཞིང་ཁྲོམ་ར་ཡང་ཡོད་མི་སྲིད་པ་སླར་ཡང་ར་སྤྲོད་བྱས་ཡོད།  འཛམ་གླིང་ཐོག་གི་རྒྱལ་ཁབ་སྔར་ལས་མང་བས་ཀྲུང་གོའི་གོང་འཕེལ་ནི་ཞི་བདེ་དང་ཡར་ཐོན་གྱི་སྟོབས་ཤུགས་ཆེ་རུ་འགྲོ་བ་ཞིག་ཡིན་པ་དང་། ཀྲུང་གོ་ནི་ཡིད་རྟོན་རུང་བ་དང་མཉམ་ལས་བྱེད་དགོས་ངེས་ཀྱི་གྲོགས་པོ་དང་རོགས་ཟླ་ཡིན་པའི་ངོས་འཛིན་ཐུབ་ཡོད།


  • ལེ་ཚན་སྔོན་མ།:གསེར་རྟ་ཝུན་ཅང་ཁྱིམ་ཚང་གཅིག །སྨན་བཅོས་བོད་སྐྱོར་བརྩེ་བ་ཟབ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲེང་ཏུའུ་དང་ཙི་དབྱང་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།