འཛུམ་ཞལ་ཞིག།

ཁྱུང་དཀར་འབྲུག་ལྷ་རྒྱལ།        2022-11-21

དགུན་ཁའི་གྲང་རླུང་ཤར་ནས་ལྡང་པས། ལྗང་མདོག་གི་ཁོར་ཡུག་ནི་ས་གཞི་དང་ཉི་མའི་བར་ཐག་རིང་བར་སོང་བ་དང་འགྲོགས་ནས་ལོ་མ་གཅིག་གི་རྟུལ་ཞུགས་ལ་རོལ་ཏེ་སེར་པོར་ཆགས་ལ་དལ་བུར་སྐྱ་མདོག་གི་རང་གཟུགས་མངོན་ནས་སྐམ་པ་ལྟར་གྱུར། ངས་སློབ་མ་ཞིག་གི་མིང་བྱང་བཏགས་ནས་གཅེས་སུ་རུང་བའི་ཕ་ཡུལ་དྲན་པའི་གཏིང་རིམ་ལ་སྦས་ཏེ།ཡར་སྔོན་གྱི་ལིང་ཐང་དུ་གྲགས་ཀྱང་ད་ལྟ་ཟི་ལིང་ཟེར་བའི་ས་འདིའི་ཕྱི་རྣམ་ལ་རགས་ལྟ་ཐེངས་མང་བྱས་པ་ཡིན། ལོས་ཡིན། ཡབ་མེས་ཀྱི་དཔའ་སྐད་ཀྱིས་ལྷོ་རི་འདར་བའི་ཀི་སྒྲ་དང་།རྟ་མཆོག་གི་རྨིག་སྒྲས་ས་གཞི་བཤགས་པའི་རྒྱུས་དོན་དེ་དག་ནི་འདས་པའི་ལོ་ཟླར་དབང་བའི་མཚར་སྡུག་གི་ཟློས་གར་ཞིག་ཅི་ལ་མིན། ང་རང་ས་འདིར་སློབ་གྲྭར་ཡོང་བ་ལས་ཡིད་འགྱུ་དེ་དག་འཚོལ་བར་ཡོང་བ་མིན་ཡང་། གསལ་ལ་མི་གསལ་བའི་སྐྱ་མི་མང་པོ་ང་ཡི་མིག་ལམ་ལ་བྱེ་ཐང་གི་སྨུག་རྒྱུ་བཞིན་འཆར་དུས།ངས་རང་གི་སྐད་ཡིག་ལ་འཐམས་པའི་རྣམ་ཤེས་གླེགས་ཐག་བཞིན་ཇེ་དམ་ལ་གྱུར།

སྐབས་དེ་དག་ལ་ང་ཡི་འཇིག་རྟེན་དུ་ལས་ལ་བརྩོན་པའི་དགེ་རྒན་མང་པོ་ཉམས་ཆུང་གི་ཚུལ་གྱིས་གོམ་པ་རེ་རེ་སྤོས་ནས་ཉེ་སར་སླེབས།ང་ཚོས་ལང་ཚོའི་ཁ་དོག་ཁྱེར་ནས་སུ་དང་གང་ལ་བདེ་སྡུག་གི་ཕན་གནོད་ཅི་ཞིག་མངོན་པར་ཆ་མ་འཚལ་ཡང།དུས་རྒྱུན་གཟིགས་སྐྱོང་འོག་ནས་ང་ཚོ་ནི་ཁོང་ཚོས་ཕྱག་དྲོད་ཀྱིས་བསྐྱངས་པའི་ལྗང་སྨྱུག་དེ་ཡིན། ཨོ་རེད། དགེ་རྒན་ནི་ང་ཚོས་སེམས་ཁོང་གི་གློག་སྒྲོན་ཡིན་ལ། སློབ་གྲྭའི་ཁོར་ཡུག་ཆེན་པོ་རུ་ཡང་ཆེས་གུས་སུ་འོས་པ་དེ་མ་ཡིན་ནམ། སློབ་སྐབས་རེ་ལ་བསླབ་གཞིའི་སྦྱང་ཚན་མི་འདྲ་ལ། དགེ་རྒན་ཁ་ཤས་ཀྱི་སློབ་ཁྲིད་ནི་ཆེད་ལས་ཀྱི་རྐྱེན་བྱས་སློབ་སྐབས་གཅིག་གི་དུས་ཡུན་ལས་མེད་ཁར། སྐད་ཡིག་བསླབ་ཚན་ཇེ་ཉུང་དུ་བསྒྱུར་ན། བོད་ཡིག་ཆེད་ལས་ཡིན་ཟེར་བའི་སློབ་གྲོགས་དག་ལ་དགེ་རྒན་གཉིས་ཀྱི་བསླབ་ཁྲིད་ལས་མེད་པར་གྱུར། དེའི་ཁྲོད། ངའི་སེམས་ཁོངས་སུ་ནམ་ཡང་འཛུམ་པའི་དགེ་རྒན་ཞིག་གི་སློབ་ཁྲིད་ཀྱང་། སློབ་སྐབས་གཅིག་གི་དུས་ཡུན་ཡིན་ལ། རང་འཛིན་གྲྭ་གང་བོའི་རྣམ་རིག་སྒྲིམ་ཞིང་དགའ་སྣང་གིས་རོལ་བའི་དགེ་རྒན་ཁོང་གི་སློབ་ཁྲིད་ནི། ཁོང་གི་བཅོས་མ་མེད་པའི་རང་གཤིས་དང་སློབ་མ་ཚོའི་བློ་ཁ་དང་འཚམ་པའི་ཁྲིད་ཐབས་ཀྱིས་རྒྱན་ལ་ཀུན་དང་མི་འདྲ་བའི་ཁྱད་ཆོས་ཐོན། ཁྱད་པར་བློ་ལྡན་ནོར་བུའི་གླིང་དུ་བགྲོད་པའི་གྲུ་གཟིངས་ལྟ་བུ་དང་ང་ལ་དཔེ་ཀློག་གི་ལྡེ་མིག་དང་བསམ་གཞིགས་ཀྱི་འོ་མཚོ་རུ་ཆགས་པས། སྐབས་དེ་རུ་གཟའ་འཁོར་རེ་རེར་ཁོང་གི་སློབ་ཁྲིད་གཅིག་པུས་སྒུལ་ཤུགས་ཀྱིས་བསླབ་མི་ཚར་བའི་རྒྱལ་ཁབ་སྟོབས་ཅན་དང་། བལྟས་མི་ཚར་བའི་ལོ་རྒྱུས་བཞི། བྲིས་མི་ཚར་བའི་བསྟོད་ངག་གི་ཟིན་བྲིས་མང་པོ་ཡང་གང་ནུས་ཀྱིས་ཡོངས་འགྲུབ་ལ་འབད་བཞིན་ཡོད།

དུས་འདི་དག་ལ་ངས་སེམས་པའི་སྤྲིན་ཕུང་དུ་མི་སྣ་མང་པོ་ཞིག་གློ་བུར་གློག་དམར་བཞིན་སྐད་ཅིག་ལ་འཆར་ཡོང་། ལར་མིག་ཀོང་གཉིས་ལས་ཆར་བ་མིན་པའི་ཆུ་ཐིགས་རེ་རེ་ལག་གི་དཔེ་ངོས་ལ་བབས་པས། ཡིད་འགྱུ་ཡི་རི་མོ་སྣ་ཚོགས་ཡི་གེར་བརྫུས་འགོ་བརྩམས། དེ་དག་གི་ཁྲོད་དུ། དགེན་ཁོང་གིས་གནང་བའི་བགས་ཆགས་ཀྱིས་ཡིག་ཚོགས་མང་ཤོས་དེ་གྲུབ་ཡོད་ཁོ་ཐག་ཡིན་ལ། རང་དབང་མེད་པར་དགེན་ལགས་ཀྱི་དཔེ་ཁྲིད་ལ་སེམས་པ་ཤོར་ཞིང་རྒྱུགས་པས། ཚོགས་གནས་དེར་འབྱོར་ལ། ཅུང་ཙམ་འགོར་རྗེས། ཁོང་རང་སློབ་ཁང་དུ་སླེབས་ཤིང་། ཚང་མས་གུས་ལངས་ལ་གུས་ལན་མཛད་རྗེས་སྔར་ལྟར་སྟེགས་བུའི་མདུན་ཅོག་ལ་དཔེ་ཆ་བླངས་ནས་བཞག་བྱུང་། ཡུན་རིང་མ་མཐོང་བའི་རྣམ་པ་འདི་ཟླ་བ་ཁ་ཤས་ཀྱི་རིང་ངའི་སེམས་ནང་ལ་པར་བརྒྱབ་པ་ལྟར་འགུལ་མེད་དུ་གནས་ཀྱང་། དེ་རིང་འགུལ་རྣམ་དུ་མཐོང་ན། ཚོད་མེད་ཀྱི་དགའ་སྤྲོའི་ཀློང་ནས་རང་དབང་མེད་པར་མིག་ཅེར་ཏེ་ལུས་ཤིང་། དེ་སྔོན་གྱི་ཆེས་ཐོག་མའི་སློབ་ཁྲིད་ལ་རྗེས་ལུས་ཏེ་འཇིགས་སྐྲག་གིས་སློབ་ཁང་ནང་དུ་འཛུལ་སྐབས་སུ་མཐོང་བའི་རྒན་ལགས་ཀྱི་འཛུམ་མདངས་ནས་རིམ་བཞིན་ཆེས་མཚར་སྡུག་གི་དུས་ཚོད་དེར་ཕྱིར་བལྟས་ཤོར་ཏེ། སེམས་འགུལ་ཐེབས་པའི་དབུགས་ཐེངས་ཤིག་ཀྱང་ལྷོད་ཀྱིས་ལེན་དགོས་བྱུང་སོང་། སེམས་ཁོང་གི་དགའ་སྟོབས་ཀྱིས་ང་ཡི་སེམས་ཁོག་ལུང་བར། ཀྱེ་མ། ཁོང་ནི་ང་ཚོའི་དགེ་རྒན་ཏེ། ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཁྲིད་མཁན་གྱི་དགེན་མ་ལགས་སམ། ཞེས་ཀི་ཅོར་བཏབ། གློ་བུར་རྒན་ལགས་ཀྱི་གསུང་སྐད་ཐོས་སོང་ལ། ཡང་སྔར་ལྟར། སློབ་གྲོགས་ཚང་མའི་མིང་ཐོ་བོས་སོང་།

དེ་རིང་དགེན་ལགས་ཀྱིས་འཛིན་གྲྭའི་མིང་ཐོ་འབོད་དུས།མི་གཅིག་གི་མིང་བོས་མ་སོང་ལ། མི་དེ་སུ་ཡིན་པ་ལ་སློབ་གྲོགས་ཚང་མས་ཡིད་འཇོག་མི་བྱེད་ཀྱང་། ངའི་ཧ་ཅང་མི་གོམས་པའི་སེམས་པ་དང་། དགེན་ལགས་ཀྱི་སྤྱན་ཤེལ་ལས་འཕྲོས་པའི་འོད་གོང་གཉིས་ཀྱིས་སུས་མིང་མ་བོས་པ་ལ་ངེས་གསལ་གཉོམ་པོ་ཞིག་སྔ་མོ་ནས་རྙེད་ཡོད་པས། རང་ཉིད་གཅིག་པུའི་དབེན་འཇག་གེར་དལ་བུར་བླ་མའི་དབང་གྲལ་ན་མེད་པ་ལྟ་བུའི་སེམས་སྡུག་དེ་དང་ལེན་བྱེད་བཞིན་པ་འདྲ། སློབ་ཁྲིད་ཀྱི་འགོ་བརྩམས་པ་དང་འགྲོགས་ནས་ཆེས་སྙིང་ཉེ་བའི་ཞལ་གསུང་དེ་ལྷོད་ཅིང་འཇམ་ལ། གསལ་ཞིང་དག་པར་ང་དང་འཛིན་གྲྭ་འདིའི་སློབ་གྲོགས་དག་གི་རྣ་བར་ཕྱོགས་བསྙེལ་མེད་པར་གྲགས་སོང་། ཨོ་རེད། སྐབས་འདིར་ངས་ཀྱང་ཟིན་བྲིས་དེབ་ལ་ཡི་གེ་འགོད་པར་བརྩམས་པ་ཡིན། སློབ་ཐུན་འདི་ཡང་སྔར་ལྟར་མགྱོགས་པོར་གྲོལ་སོང་། ང་རང་དགེན་ལགས་ཀྱི་རྗེས་དེད་ནས་ཁོང་གི་གཡོན་ཟུར་ནས་སོང་ལ། བྱམས་བརྩེའི་ཕྱུག་པའི་སྤྱན་ཟུང་གིས་ང་ལ་གཟིགས་ཞོར། ཞལ་གསུངས་ཉུང་ཙམ་གནང་རྗེས། རང་ཁྱིམ་དུ་ལོག་སོང་། ང་ཡུན་རིང་ཞིག་ལ་ཁོང་གི་རྗེས་སུ་ལངས་ནས་རྒྱང་ལྟ་བྱས་ཤིང་། ལམ་འགྲམ་གྱི་སྡོང་པོ་དག་གིས་ཀྱང་ལྷོད་འཇག་གེར་ཁོང་གི་གོམ་འགྲོས་ལ་མཉམ་བཞག་ཡོད་པ་འདྲ། ང་རང་ཕྱིར་ཉལ་ཁང་དུ་ལོག་རྗེས་རྙིང་པར་སོང་བའི་ཟིན་བྲིས་དེབ་ཆུང་དེའི་ཁ་ཕྱེ་ནས་ཁོང་གི་དཔེ་ཁྲིད་ལ་ཕྱིར་དྲན་བྱས་ཤིང་སེམས་པའི་གཏིང་རིམ་ནས། དགེ་རྒན། དགེ་རྒན་རྡོ་རྗེ་ཁྱུང་གྲགས་ཞེས་ལན་མང་བོས་པ་ཡིན། ཁྱེད་རང་གཅིག་པུས་ང་ལ་ཞི་དུལ་གྱི་མི་གཤིས་ཤིག་གི་གོ་ཆ་སྤྲད་ལ།ཁྱེད་རང་གཅིག་པུས་ང་ལྟ་བུར་འདོར་མེད་གཟིགས་སྐྱོང་བྱེད་བཞིན་པ་མ་ཡིན་ནམ། ཞིབ་ཏུ་བསམས་ན། ཁྱེད་ལ་ང་འདྲའི་སློབ་མ་བརྒྱ་ཡོད་ཀྱང་། ང་ལ་ཁྱེད་འདྲའི་སློབ་དཔོན་ཁྱོད་ལས་མེད་པ་འདྲ། ཁྱེད་རང་ནི་དུས་རབས་ཤིག་གི་དགོས་ངེས་དང་ཉམས་ཐག་སྐྱོབ་པའི་དཔུང་གཉེན་ལ་བྱོན་པའི་བཤེས་གཉེན་དེ་ཡིན། བདག་གི་དགེ་རྒན། སྐུ་ཚེ་རྒྱལ་མཚན་བརྟན།

  • ལེ་ཚན་སྔོན་མ།:ང་རྒྱུ་དང་འབྲས་བུའི་ཁྲོད་ནས་ས་བོན་བཞིན་ཁྱེད་ཀྱི་སྙིང་ན་འབུས་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།