མ་འོངས་པའི་མཚན་མོ།

ཁམས་པ་རབ་དབྱངས།        2022-11-04

ནང་སེམས་ཀྱི་དྲན་གདུང་དང་བར་ཐག་དག་མ་འོངས་པའི་དུས་ཚོད་ཀྱི་འཁྱག་རོམ་ཀློང་ནས་སྒུག་འདོད། ཤིན་ཏུ་ཐག་རིང་བའི་མ་འོངས་པའི་མི་སེམས་ཀྱི་བདེ་སྐྱིད་དང་ཕྱི་དྲན་ཉི་མ་དག་ལོ་ཟླ་མང་པོའི་འཁོར་བཞུད་བར་ནས་གཏན་དུ་འཛོམས་རྒྱུ་བྱུང་ན་སྙམ་ཡོད། ངས་འཇིག་རྟེན་གྱི་རྨི་ལམ་རེ་རེ་ཁྱེད་ཁོ་ནའི་ཚབ་ཏུ་བཞག་པ་ཡིན། ངས་མ་འོངས་པའི་མཚན་མོ་རེ་རེ་དྲན་གདུང་གི་ཚབ་ཏུ་བཞག་པ་ཡིན། རྒྱང་ཐག་རིང་བའི་དུས་ཚོད་འདི་ནས། ཁྱེད་ཀྱི་མ་འོངས་པའི་དར་རྒུད་ཀྱི་གྲུབ་ཆ་ཞིག་འཚོལ་འདོད། མ་འོངས་པའི་མཚན་མོ་རེ་ལ་ཁྱེད་ཀྱི་མིང་ཡིག་བྲིས་པ་ཡིན། མ་འོངས་པའི་མཚན་མོ་མང་པོ་ཞིག་གི་དུས་ཚོད་ལ་ངས་ཁྱེད་ཁོ་ནར་ཕྱི་དྲན་བྱེད་པ་ཡིན།

རེད་ཨང་། དུས་ཚོད་ཀྱིས་ཁྱོད་ཕྱིར་ཁྲིད་ནས་སླེབས་བྱུང་། མཚན་མོའི་དུས་ཚོད་ཀྱིས་ཁྱོད་ཕྱིར་ཁྲིད་ནས་སླེབས་བྱུང་། ཁེར་རྐྱང་གི་མི་ཚེ་རིང་མོ་འདི་ལོ་ཟླ་ཞག་དུས་ཀྱི་དར་རྒུད་ནས་ཁྱོད་ཕྱིར་ཁྲིད་ནས་སླེབས་བྱུང་། ང་ནི་ཁ་དན་དང་དམ་ཚིག་ལ་གཡོ་ཟོལ་མེད་པར་ངའི་ཡིད་སེམས་ལྷིང་ཞིང་འཇགས་པ་ནི་ཁྱོད་ང་སར་སླེབས་པ་རེད་ལ་ངས་ཀྱང་ཁྱེད་རང་ཞེ་གཏིང་ནས་རྙེད་པ་རེད་སྙམ་སོང་།

ད་ནི་ངས་བར་ཐག་རིང་བའི་མི་ལ་ཡང་ཁྱོད་ནང་བཞིན་ཡོད་ཚད་ང་སར་བསྐྱལ་ཅིང་ཡོད་ལ། ཚད་ཁྱོད་ལྟ་བུའི་ཞེ་གཏིང་ནས་མ་འོངས་པའི་མཚན་མོ་ཞིག་འཚོལ་འདོད། བརྩེ་དུང་གི་ལག་ཟུང་མཉམ་སྒྲིག་བྱེད་པའི་མཚན་མོ་ཞིག་བོར་བར་གྱུར་ན་ཁྱེད་ཉིད་བདག་གི་བར་ཐག་ཉེ་ས་ལ་གནམ་ས་བཞིན་བརྟེན་པར་ངའི་མ་འོངས་པའི་དམ་ཚིག་ཡིན་སྲིད། འུ་གཉིས་བྲེལ་སྟབས་ཀྱིས་འཛོམས་ཤིང་སླར་ཡང་བྲེལ་སྟབས་ཀྱིས་བུད་འགྲོ་བའི་མི་ཡུལ་གྱི་ལམ་འདོ་འདི་ནས་འཇའ་བཞིན་བྲེལ་སྟབས་ཀྱིས་ངོ་འཕྲད་ཅིང་བྲེལ་སྟབས་ཀྱིས་གྱེས་འགྲོ་བ་འདི་ཡང་དུས་ཚོད་ཀྱི་ཆོས་ཉིད་དམ་འཚོ་བའི་གོ་རིམ་ཞིག་ཡིན་པ་རེད། འདི་ལ་ལས་དབང་གི་གྱེས་བྲལ་ཟེར།

ལོ་ཟླ་དང་དུས་ཚོད་ཅི་འདྲའི་འགྲོ་མགྱོགས་པ་ལ་ཨང་། མ་འོངས་པའི་མཚན་མོ་ལ་ཅི་འདྲའི་བར་ཐག་ཐུང་བ་ལ་ཨང་། ངས་ནི་གཏན་དུ་འཛོམས་རྒྱུ་བྱུང་ན་དགའ་བ་ལ་ཟེར་བའི་གླུ་གཞས་དེ་ཉན་བཞིན་མ་འོངས་པའི་མཚན་མོ་ཞིག་རྙེད་པར་བསྒོམས་ཡོད། ངའི་དྲན་གདུང་དང་འཚོ་བ་མི་ཚེའི་ཕུགས་འདུན་ཚང་མས་མ་འོངས་པའི་མཚན་མོ་ཞིག་གིས་བློས་བསླངས་བྱེད་ན་འདོད་སོང་།

སྨག་ནག་པའི་མ་འོངས་པའི་མཚན་མོ་ནས་ཁྱེད་ཀྱི་འཇིག་རྟེན་དང་རང་ཉིད་རྙེད་པའི་དུས་ཚིགས་ཡིན། མ་འོངས་པའི་མཚན་མོ་མཛེས་པ་ནས་ཁྱེད་ཀྱི་བདེ་སྡུག་དང་ལུས་ངག་གི་རྣམ་འགྱུར་བཅོལ་གྱིན་འདུག། དེ་ལྟ་བུའི་མ་འོངས་པའི་མཚན་མོ་དེ་ནས་ཟླ་བའི་འོད་སྣང་ལ་ཁྱོད་ཀྱི་ཞལ་ངོ་རུ་འཛུམ་བཞིན་འདུག།མི་རྣམས་ཀྱིས་ཟླ་འོད་སྒོར་བའི་མ་འོངས་པའི་མཚན་མོ་འཚོལ་གྱིན་འདུག།མ་འོངས་པའི་མཚན་གྱི་མཛེས་པ་འདི་ཁྱོད་ཀྱི་མཛེས་སྡུག་ཏུ་བཞག་ནས། ང་དང་ང་ལྟ་བུ་མི་རྣམས་ཀྱིས་ཁྱོད་རང་རྙེད་པའི་མ་འོངས་པའི་མཚན་མོ་ཞིག་ལ་རེ་ཞིང་སྒུག་བཞིན་འདུག།



  • ལེ་ཚན་སྔོན་མ།:སྙིང་ཐུབ་ཀྱི་མི་ལ་གསེར་གྱི་འདང་ཞིག་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།