འཛུམ་མདངས་ངོམ་པའི་གླུ་ལེན་མ།

བསྟན་འཛིན་སྙན་གྲགས།        2022-11-02

ལྷ་མོ་མིན་ལ་ཀླུ་མོ་མིན།།

རྒྱ་མོ་དེ་བས་མ་ཡིན་པའི།།

བོད་ཀྱི་ཨ་ཅག་གཡང་མཚོ་མ།།

ཧི་མ་ལ་ཡི་རྟེན་ཕུར་ལགས།།

ལྡེམ་འགྲོས་གར་གྱི་འགྱུ་བག་གིས།།

ལྟ་བྱེད་ཟུང་གི་ཚང་ཚིང་བསྲེགས།།

མཁའ་འགྲོ་མིན་ལ་འཕགས་མ་མིན།།

ལུས་བཙོང་དེ་བས་མ་ཡིན་པའི།།

གཞོན་ཤ་དྭངས་བའི་མཁའ་འགྲོ་མ།།

འཁྱུད་པའི་ལན་ཚྭ་མ་གཏོར་རོགས།།

བོད་ཀྱང་ཡིན་ལ་རུས་པ་གསེར།།

ལྗགས་སྣེ་ཡངས་པའི་མྱོས་མ་ལགས།།

གང་ནས་གཉོམ་པའི་ཨུཏྤལ་ཡིན།།

སུ་ཡིས་མངགས་པའི་འཕྲོག་མ་ཡིན།།

དགའ་མ་སྐྱོ་ཡི་ངག་འཕྲུལ་གྱིས།།

རྣ་བའི་སྒོམ་ཆེན་ཧམ་བཅུག་པའི།།

མཆུ་སྒྲོས་དམར་ལ་གཉེན་པ་ཡིས།།

སུ་ཡི་ངོ་གདོང་བརླན་པར་བྱས།།


  • ལེ་ཚན་སྔོན་མ།:རྨ་བྱ་སྒྲོ་ཡག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།