ཞི་ཅིན་ཕིང་གིས་ཧྲའན་ཞི་ཡན་ཨན་དང་ཧོ་ནན་ཨན་དབྱང་དུ་གཟིགས་ཞིབ་གནང་་།

        2022-11-02

ཞི་ཅིན་ཕིང་གིས་ཧྲའན་ཞི་ཡན་ཨན་དང་ཧོ་ནན་ཨན་དབྱང་དུ་གཟིགས་ཞིབ་གནང་་།

སྤྱི་ཟླ10ཚེས26ནས་ཚེས28ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དང་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས26ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ཡན་ཨན་གྲོང་ཁྱེར་ཨན་སའེ་ཆུས་ཀའོ་ཆའོ་གྲོང་རྡལ་ནན་ཀོའུ་གྲོང་ཚོའི་ཀུ་ཤུ་ལྡུམ་རའི་ནང་ཡུལ་མི་ཚོ་དང་བྱམས་བརྩེའི་ངང་ཞལ་བརྡ་་ལབ་བཞིན་པའི་ཚུལ།

ཞི་ཅིན་ཕིང་གིས་ཧྲའན་ཞི་ཡན་ཨན་དང་ཧོ་ནན་ཨན་དབྱང་དུ་གཟིགས་ཞིབ་གནང་་།

སྤྱི་ཟླ10ཚེས26ནས་ཚེས28ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དང་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས28ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཨན་དབྱང་ལིང་ཀྲོའུ་གྲོང་ཁྱེར་དུ་དར་དམར་ཆུ་ཡུར་གྱི་ཆུ་སྒོའི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པའི་ཚུལ།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དང་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་དུ་གཟིགས་ཞིབ་གནང་སྐབས་ནན་གསུང་གནང་དོན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ཆེས་དཀའ་ཚེགས་ཆེ་ཞིང་ཆེས་ལས་འགན་ལྕི་བ་ནི་སྔར་བཞིན་ཞིང་སྡེའི་ནང་ཡོད་པ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ལས་དང་ཞིང་སྡེ་སྔོན་དུ་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་དང་། ཡན་ཨན་གྱི་སྙིང་སྟོབས་དང་དར་དམར་ཆུ་ཡུར་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ། ཡུལ་སྡེ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་མངོན་འགྱུར་ཡོང་བར་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་གསུངས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་གིས་རྟོག་ཞིབ་གནང་རོགས་མཛད།

སྤྱི་ཟླ10པའི་ཚེས26ཉིན་ནས་ཚེས28ཉིན་བར། ཞི་ཅིན་ཕིང་གིས་ཁག་བགོས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཧྲའན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིའུ་གོ་ཀྲུང་དང་ཞིང་དཔོན་ཀྲའོ་དབྱི་ཏེ་དང་། ཧོ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོའུ་དབྱང་ཧྲེན་དང་ཞིང་དཔོན་ཝང་ཁའེ་ཡི་ཕེབས་རོགས་འོག། ཧྲའན་ཞི་ཡན་ཨན་གྲོང་ཁྱེར་དང་ཧོ་ནན་ཨན་དབྱང་གྲོང་ཁྱེར་གྱི་ཞིང་སྡེ་དང་སློབ་གྲྭ། གསར་བརྗེའི་སློབ་གསོའི་རྟེན་གཞི། རིག་གནས་དངོས་རྫས་སྲུང་སྐྱོང་སྡེ་ཚན་སོགས་སུ་ཕེབས་ནས་གཟིགས་ཞིབ་གནང་བ་རེད།

ཡན་ཨན་ནི་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་ཡིན་ལ་ཤིན་ཏུ་དབུལ་པོ་ས་ཁུལ་ཡང་ཡིན། ཞི་ཅིན་ཕིང་གིས་ཧྲའན་ཞིའི་བྱང་རྒྱུད་ཀྱི་མི་སེར་ཚོར་དུས་རྒྱུན་ཐུགས་ཁུར་གནང་བཞིན་ཡོད། 2015ལོའི་སྤྱི་ཟླ2པར་ཞི་ཅི་ཅིན་གིས་གཙོ་སྐྱོང་གནང་ནས་ཡན་ཨན་དུ་ཧྲའན་ཀན་ཉིང་གསར་བརྗེའི་རྟེན་གཞི་རྙིང་པ་དབུལ་ཐར་ཕྱུག་འགྱུར་གྱི་བཞུགས་མོལ་ཚོགས་འདུར་འཚོགས་པས་མ་ཚད་གསུང་བཤད་གལ་ཆེན་གནང་ནས། ས་གནས་དེ་གའི་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏང་རྒྱུའི་ཁ་ཕྱོགས་གསལ་སྟོན་གནང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་རྗེས།ཞི་ཅིན་ཕིང་ཐེངས་དང་པོར་ཕྱི་ལ་གཟིགས་ཞིབ་ཕེབས་སྐབས་ཡན་ཨན་ལ་ཕེབས་ཏེ། མི་སེར་ཚོའི་དབུལ་ཐར་བྱས་རྗེས་ཀྱི་འཚོ་བ་ཅི་འདྲ་ཡིན་པ་དང་ད་དུང་དཀའ་ངལ་ཅི་ཡོད་པ། ཡུལ་གྲོང་དར་རྒྱས་ཅི་འདྲ་བྱེད་བཞིན་ཡོད་པའི་ཐད་ལ་བདེ་འདྲི་རྒྱུས་ལོན་མཛད་པ་རེད།

ཚེས26ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་འཁོར་ལས་བུད་དེ་ཡན་ཨན་གྲོང་ཁྱེར་ཨན་སའེ་ཆུས་ཀའོ་ཆའོ་གྲོང་རྡལ་ནན་ཀོའུ་གྲོང་སྡེ་ལ་ཕེབས་པ་རེད། ནམ་ཟླ་སྟོན་དུས་སུ་འཁེལ་ཡོད་པས་ཀུ་ཤུའི་ཤིང་འབྲས་ར་བ་རུ་གཡུར་དུ་ཟ་བའི་འབྲས་བུ་ཐོགས་ནས་ཐོན་ལེགས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་མཆིས།ཞི་ཅིན་ཕིང་ཤིང་འབྲས་ར་བར་ཕེབས་ནས། ལས་ཡུལ་དངོས་སུ་ཤིང་འབྲས་བཏོག་མཁན་གྱི་ཞིང་པར་ད་ལོའི་ཀུ་ཤུའི་ཐོན་ཚད་ཡོང་འབབ་ཀྱི་གནས་ཚུལ་རྒྱུས་ལོན་མཛད་ཞོར། མི་སེར་ཚོ་དང་བྱམས་བརྩེའི་ངང་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད། རང་ཉིད་ཀྱིས་ཀུ་ཤུ་ཆེན་པོ་ཞིག་བཏོགས་པ་རེད། ཞི་ཅིན་ཕིང་གིས་ཀུ་ཤུའི་འདེབས་འཛུགས་ལག་རྩལ་དང་ཤིང་འབྲས་བཏོག་ཐབས། ས་བོན་གྱི་སྤུས་ཀ། བྲིན་ཚོང་རིན་གོང་། གྲོང་མིའི་ཡོང་འབབ། དེ་བཞིན་དུ་ཇི་ལྟར་བྱས་ནས་ཀུ་ཤུ་འདེབས་འཛུགས་ལས་དོན་དང་ཐོན་ལས་གཞན་དག་འཕེལ་རྒྱས་གཏང་རྒྱུ་ལ་སོགས་པའི་ཐད་བཀའ་འདྲི་ཞིབ་ཕྲ་གནང་བར་མི་སེར་ཚོས་ཀྱང་རེ་རེ་བཞིན་ལན་བཏབ་པ་རེད། ཞི་ཅིན་ཕིང་གིས་ཞིང་ཆུ་འདྲེན་པ་དང་ཆུ་བེད་སྤྱོད་བྱེད་པའི་གནད་དོན་ལ་དོ་ཁུར་ཆེན་པོ་གནང་། མི་སེར་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཁོ་ཚོས་ཆུ་རགས་རྒྱག་པ་དང་སྦུ་གུས་ཞིང་ལ་ཆུ་གཏོང་བ། ཞིབ་ཕྲ་ཅན་གྱི་དོ་དམ་བཅས་ལ་བརྟེན་ནས་ཆུ་བེད་སྤྱོད་དང་ཞིང་ལ་ཆུ་འདྲེན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་དང་བྱེད་བཞིན་ཡོད་ཅེས་བཤད། ཞི་ཅིན་ཕིང་གིས་དེ་ནི་ཞིང་ལས་དེང་རབས་ཅན་དུ་གྱུར་བ་ཡིན་པས། ཁྱོད་ཚོས་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འོས་འཚམ་ཞིག་རྙེད་ཡོད་པ་རེད་ཅེས་བསྔགས་བརྗོད་མཛད་པ་རེད།

གྲོང་སྡེའི་ཀུ་ཤུ་འཁྲུ་འདེམས་འཁོར་ཁང་དུ་། ཞི་ཅིན་ཕིང་གིས་ས་གནས་དེ་གའི་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་སེང་ཞུས་པར་གསན་འཇོག་གནང་བས་མ་ཚད། ཀུ་ཤུ་སྒམ་ནང་དུ་ལྡུག་བཞིན་པའི་ཐོན་སྐྱེད་བརྒྱུད་རིམ་ལ་ཞིབ་གཟིགས་གནང་། ཡུལ་དངོས་སུ་ས་གནས་རང་ནས་བཏབ་པའི་ཀུ་ཤུ་སྣ་ཚོགས་དང་ལས་སྣོན་ཞིབ་ཚགས་བྱས་ཡོད་པའི་ཐོན་རྫས་བཤམས་ཡོད་ཅིང་།ཞི་ཅིན་ཕིང་གིས་ཁོ་ཚོས་སྤྲོ་སྣང་ཆེན་པོས་ངོ་སྤྲོད་གང་ལེགས་བྱས་པར་གསན་རྗེས། ས་གནས་དེ་གར་དེང་རབས་ཀྱི་ཞིང་ལས་དང་ཡུལ་སྡེ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ཐུན་མོང་དཔལ་འབྱོར་གསོ་སྐྱོང་དང་སྟོབས་ལྡན་དུ་བཏང་ནས་མི་སེར་ཚོའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པ་བཅས་ཀྱི་བྱེད་སྟངས་ལ་ཁས་ལེན་གནང་བ་རེད།

འཁོར་ཁང་གི་ཕྱི་རོལ་དུ་མི་སེར་ཚོ་མཉམ་དུ་འཛོམས་ནས་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་མི་སེར་ཚོ་དང་ཁ་བརྡ་གློད་བཞིན་དེ་སྔ་ཁོང་ཧྲའན་པེ་རུ་ཡོད་དུས་ཀྱི་ན་གཞོན་ཤེས་ཡོན་ཅན་གྱི་འཚོ་བ་རོལ་མྱོང་བའི་ལོ་ཟླར་ཕྱིར་དྲན་བྱས། ཞི་ཅིན་ཕིང་གིས་མི་སེར་ཚོར་ངས་ཧྲའན་པེ་རུ་ལོ་བདུན་གྱི་རིང་འཚོ་བ་རོལ་བ་ཡིན། སྐབས་དེ་དུས་མི་སེར་ཚོའི་འཚོ་བ་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་པ་མཐོང་ཐེངས་རེར། སེམས་ལ་ཇི་ལྟར་བྱས་པ་ཡིན་ན་གཞི་ནས་ཚང་མའི་འཚོ་བ་ཇེ་ལེགས་སུ་གཏོང་ཐུབ་ཅེས་ཡང་ཡང་དྲན་མྱོང་། ཐེངས་འདིར་ཡན་ཨན་དུ་ཡོང་སྐབས། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་རྣམ་པ་མཐོང་བ་དང་། འགྲིམ་འགྲུལ་གྱི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་ནས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པའི་རྣམ་པ་བཟང་པོ་མཐོང་། སྔོན་ཆད་ཧྲའན་པེ་ཡི་མི་སེར་ཚོས་སྐས་ཞིང་བསྐྲུན་པ་དང་ལོ་ཏོག་བཏབ་པ། ངོ་གདོང་ས་སེར་ལ་ཁ་ཕྱོགས་ནས་དཀའ་ལས་རྐྱང་རྐྱང་བྱས་པ། འཇོར་རྙིང་པ་འཕྱར་ནས་ལས་ཀ་བྱས་པ། འདེབས་མང་བསྡུ་ཉུང་བཅས་བྱས་པས། དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། ད་ཆ་རི་ལྡེབས་སུ་རྨོ་བསྐྱུར་ནགས་གསོའི་སྟེང་དུ་ཀུ་ཤུ་འདེབས་འཛུགས་དང་། ཡུལ་མི་ཚོར་ལས་ཀ་དང་ཡོང་འབབ་བརྟན་པོ་ཡོད་པ། བྱིས་པའི་སློབ་གསོ་ཡག་པོ་ཡོད་པ། རྒན་རྒོན་ཚང་མར་སྨན་བཅོས་འགན་བཅོལ་ཡོད་པས། འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཏུ་འགྲོ་བཞིན་ཡོད། ཧྲའན་ཞིའི་བྱང་རྒྱུད་ཀྱི་འགྱུར་ལྡོག་འདིའི་སྟེང་ནས་ཀྲུང་གོའི་འགྱུར་ལྡོག་མཐོང་ཐུབ་ཅེས་གསུངས། ཞི་ཅིན་ཕིང་གིས་ད་ཆ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་བརྒྱ་དང་པོའི་དམིགས་འབེན་མངོན་འགྱུར་བྱུང་བ་དང་། ལྟོས་ས་བལྟོས་འཇོག་གི་དབུལ་པོའི་གནད་དོན་ཐག་གཅོད་བྱས་ཡོད། མང་ཚོགས་ཀྱིས་འཚོ་བ་ཡག་པོ་རོལ་ཐུབ་པ་བཅས་མངོན་འགྱུར་བྱུང་ཡོད་ནའང་ད་དུང་མུ་མཐུད་ནས་འབད་བརྩོན་བྱས་ཏེ་མདུན་སྐྱོད་བྱས་ནས། འཚོ་བ་ཉིན་རེ་ལས་ཉིན་རེར་བདེ་སྐྱིད་ལྡན་པར་བྱ་དགོས། ཧྲའན་པེ་ཡི་གནམ་གཤིས་དང་འོད་འཕྲོ། ཐིག་ཚད། ས་བབ་སོགས་ཀུ་ཤུ་འདེབས་འཛུགས་འཕེལ་རྒྱས་གཏོང་རྒྱུར་ཧ་ཅང་འཚམ་པོ་ཡོད་པར་མ་ཟད། སྦུ་གུར་བརྟེན་ནས་ཞིང་ལ་ཆུ་གཏོང་བའི་ལག་རྩལ་དང་ཐུང་འགྱུར་འདེབས་འཛུགས་ལག་རྩལ། ཆུ་འབྲས་ཐོན་སྐྱེད་བྱེད་ནུས་སོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་ནས། རང་ས་རང་ཡུལ་ནས་ཕྱིར་ཚོང་བྱེད་ཆོག་པ་དང་ཚོང་ལམ་གྱི་ཐད་ནས་སེམས་ཁྲལ་ཆེན་པོ་མེད་པའི་དབང་གིས། ཀུ་ཤུའི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ནི། ཆ་རྐྱེན་ཡོད་ཚད་འཛོམས་པའི་ལས་དོན་ལེགས་པོ་ཞིག་ཡིན་ལ། དེ་ནི་ཆེས་འོས་ཤིང་འཚམ་པའི་ཐོན་ལས་ཤིག་ཀྱང་ཡིན་པས་མདུན་ལམ་ཆེན་པོ་ལྡན། ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ཀྱི་ཏང་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཡིན་ཞིང་། གུང་ཁྲན་ཏང་གིས་གཙོ་བོ་མི་སེར་གྱི་ཆེད་དུ་བྱ་བ་སྒྲུབ་པ་དང་མི་སེར་གྱི་བྱ་བ་ཡག་པོ་བསྒྲུབ་དགོས། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལ་སློབ་སྦྱོང་དང་དེ་དོན་འཁྱོལ་ནན་ཏན་བྱ་རྒྱུ་དང། ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ། མི་དམངས་ཕྱུག་པོ་ཆགས་པའི་སྲིད་ཇུས་རེ་རེ་བཞིན་དོན་འཁྱོལ་ཡག་པོ་བྱེད་པ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། མི་སེར་ཚོའི་འཚོ་བ་ཇེ་བཟང་དུ་གཏང་དགོས་ཞེས་གསུངས་པ་ན། ཡུལ་མི་རྣམས་ཀྱིས་ཐལ་མོ་རྡེབ་སྒྲས་ཁེངས།

དེའི་རྗེས་སུ་ཞི་ཅིན་ཕིང་ཡན་ཨན་སློབ་འབྲིང་ཙའོ་ཡོན་སློབ་ཁུལ་དུ་ཕེབས། ཡན་ཨན་སློབ་འབྲིང་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བཙུགས་པའི་སློབ་འབྲིང་དང་པོ་ཡིན་ཞིང་། གསར་བརྗེ་རྒན་རབས་པ་དང་སློབ་གསོ་བ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་བཅས་ཀྱིས་བྱམས་བརྩེའི་ཐུགས་ཁུར་དང་ཞིབ་མོའི་བློ་ཡིས་གསོ་སྐྱོང་བྱས་ནས་འཚར་ལོངས་བྱུང་བ་ཡིན་པས། གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་གསར་བརྗེའི་སྲོལ་རྒྱུན་བཟང་པོ་ལྡན་ལ། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པར་ཤེས་ཡོན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད།  ཞི་ཅིན་ཕིང་སློབ་གྲྭའི་སློབ་གསོའི་ལོ་རྒྱུས་ཁང་དུ་ཕེབས་ནས་སློབ་གྲྭ་སྤྱི་ཡོངས་ཀྱི་སློབ་གཉེར་གནས་ཚུལ་ལ་རྒྱུས་ལོན་གནང་། ཞི་ཅིན་ཕིང་གིས་ཡན་ཨན་སློབ་འབྲིང་གིས་ཡན་ཨན་གྱི་སྙིང་སྟོབས་ལ་བརྟེན་ནས་དཔེ་ཁྲིད་མི་སྐྱོང་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་ཡག་པོ་གཉེར་བ་དང་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ། དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

སློབ་མའི་ཟ་ཁང་དུ་ཟས་རིགས་སྣ་ཚོགས་ཀྱི་དྲི་ཞིམ་གང་སར་མཆེད། ཞི་ཅིན་ཕིང་གིས་ཞིབ་ལྟ་ནན་མོ་མཛད་རྗེས། ཇ་མ་ཚོའི་རྩ་ནས་ཟས་རིན་དང་ཟས་ཀྱི་བྲོ་བར་རྒྱུས་ལོན་བྱས་ཏེ། ཇ་མ་རྣམས་ལ་སྤུས་ཚད་འགན་ལེན་དང་འཕྲོད་བསྟེན་ལ་དོ་སྣང་བྱས་ནས་སློབ་མ་ཚོར་བློ་བདེའི་བཟའ་བཏུང་སྟེར་དགོས་ཞེས་མངགས་བཅོལ་གནང་བ་རེད།

སློབ་ཁྲིད་ཐོག་ཁང་དུ་སློབ་མ་རྣམས་ཀྱིས་སློབ་ཁྲིད་བྱེད་བཞིན་ཡོད། ཞི་ཅིན་ཕིང་མཐོ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭའི་གཉིས་པའི་སློབ་ཁང་ནང་ཕེབས་ནས། དགེ་སློབ་ཚོ་དང་ལྷན་དུ་བྱམས་བརྩེའི་ངང་དགོངས་འཆར་བརྗེ་རེས་གནང་སྟེ། སློབ་གྲོགས་ཚོར་ཕུགས་བསམ་ཅི་ཞིག་ཡོད་པ་དང་ནར་སོན་རྗེས་ཅི་ཞིག་སྒྲུབ་འདོད་ཡོད་པའི་སྐོར་དྲིས། སློབ་གྲོགས་ཤིག་གིས་བཤད་རྒྱུར། མ་འོངས་པར་ལིས་ཧྲི་ཀྲེན་ལྟ་བུའི་སྨན་པ་ཞིག་བྱེད་འདོད་ཡོད་ཟེར། ཡང་སློབ་གྲོགས་གཞན་ཞིག་གིས་སློབ་ཆེན་གྱི་སྨན་གྱི་ཆེད་ལས་ལ་རྒྱུགས་སྤྲད་ན་འདོད་ཟེར།ད་དུང་སློབ་གྲོགས་ཤིག་གིས་ཕྱི་རྒྱལ་སྐད་སྦྱངས་ཏེ་མ་འོངས་པར་ཕྱི་འབྲེལ་ཡིག་སྒྱུར་བ་ཞིག་བྱེད་འདོད་ཡོད་ཟེར། ཞི་ཅིན་ཕིང་གིས་སློབ་གྲོགས་ཚོའི་ཕུགས་བསམ་ལ་གསན་རྗེས་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས། སློབ་གྲོགས་ཚོའི་མི་ཚེའི་དམིགས་ཡུལ་གསལ་པོ་ཡིན་པ་དང་ཕུགས་བསམ་བླ་ན་མེད་པ་རེད་ཅེས་བསྔགས་བརྗོད་གནང་། ཞི་ཅིན་ཕིང་གིས་སློབ་གྲོགས་ཚོར་ཆུང་དུས་ནས་ཕུགས་བསམ་ཆེན་པོ་བཅངས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་འགྱུར་རྒྱུའི་རེ་བ་བཅངས་ཏེ། གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུར་འགན་ལེན་བྱེད་དགོས་ཞེས་སྐུལ་ལྕག་གནང་།

སློབ་གྲྭ་དང་ཞལ་གྱེས་སྐབས་གཞི་ནས་མུན་རུབ་ལ་ཉེ། སློབ་གྲོགས་ཚོ་སློབ་ཁང་ནས་སྒོར་བུད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་སྐྱེལ་བྱས། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གིས་གུས་ལན་ཞུས།

ཚེས28ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཧོ་ནན་ཨན་དབྱང་ལིན་ཀྲོའུ་གྲོང་ཁྱེར་དར་དམར་ཆུ་ཡུར་དྲན་གསོ་ཁང་དུ་ཕེབས། དུས་རབས20པའི་ལོ་རབས60པར་ས་གནས་དེ་གའི་མི་དམངས་ཀྱིས་གནམ་དང་ཆར་ཆུ་ཁོ་ནར་བརྟེན་པའི་འཚོ་གནས་ཁོར་ཡུག་ངན་པ་ཐག་གཅོད་བྱ་ཆེད། ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག། ཐའེ་ཧང་རི་བོའི་རི་རྐེད་ནས་ནགས་ཚལ་དུ་འདྲེན་པའི་ཆུ་བེད་བཟོ་སྐྲུན་བྱས་ཤིང་། དེ་ལ“མིས་བཟོས་གནམ་ཆུ”ཞེས་མཚན་སྙན་ཡོད། ཞི་ཅིན་ཕིང་འགྲེམས་སྟོན་ཁང་དུ་ཕེབས་སྐབས་གསུངས་དོན། དར་དམར་ཆུ་ཡུར་ནི་དྲན་གསོའི་རྡོ་རིང་ལྟ་བུ་ཡིན་ཞིང་། དེའི་ནང་ལིང་རྫོང་གི་མི་ཡིས་ལས་དབང་ཁས་མི་ལེན་པ་དང་ཕམ་པར་མི་བརྩི་བ། གནམ་སར་འཐབ་ཕོད་པའི་དཔའ་བོའི་བློ་སྟོབས་བཀོད་ཡོད། དར་དམར་ཆུ་ཡུར་གྱི་སྙིང་སྟོབས་ལ་བརྟེན་ནས་མི་དམངས་དང་ལྷག་པར་དུ་རྒྱ་ཆེའི་ལོ་ཆུང་གཞོན་ནུ་ཚོར་སློབ་གསོ་གཏང་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ནི་འབད་འཐབ་དང་ལས་སྒྲུབ། སྲོག་བསྡོས་བཅས་ཀྱི་ལས་དོན་ཞིག་ཡིན་ལ། སྔོན་ཆད་དེ་ལྟར་ཡིན་པར་མ་ཟད། དུས་རབས་གསར་པལའང་དེ་ལྟར་ཡིན། གལ་སྲིད་རྒན་རབས་པ་རྣམས་ཀྱི་འབད་འབུངས་དང་བློས་གཏོང་ཆེན་པོ་དེ་མེད་ན། ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་འདི་ལྟ་བུ་ཡོད་མི་སྲིད་པས། ང་ཚོས་ནམ་ཡང་ཁོ་ཚོ་སེམས་ལ་བརྟན་པོར་བཟུང་དགོས། ད་ལྟ་དངོས་པོའི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་ཡོད་ནའང་། ཡུའེ་ཀུང་གིས་རི་བོ་སྤོར་བ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་སྙིང་སྟོབས་དེ་གཏན་ནས་འདོར་མི་རུང་། དར་དམར་ཆུ་ཡུར་ལ་སློབ་གསོའི་དོན་སྙིང་ཧ་ཅང་ཆེན་པོ་ཡོད་པས། ཚང་མ་ཆུ་ཡུར་ལ་ལྟ་རུ་ཡོང་དགོས།

ཚེས28ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཨན་དབྱང་གྲོང་ཁྱེར་ནུབ་བྱང་འདབས་ཀྱི་ཧེང་ཧུའུ་ལྷོ་བྱང་ངོགས་གཉིས་གཉིས་སུ་ཡོད་པའི་ཧྲང་རྒྱལ་རབས་ཀྱི་དུས་མཇུག་གི་རྒྱལ་སའི་གནའ་ཤུལ་དབྱིན་ཞུའུ་རུ་རྟོག་ཞིབ་གནང་། ཞི་ཅིན་ཕིང་གིས་དབྱིན་ཞུའུ་ནས་ཐོན་པའི་རུས་བརྐོས་ཡི་གེ་ཡིས་ང་ཚོའི་ལོ3000གོང་གི་ཡི་གེ་ཉར་ཚགས་བྱས་ནས་ཀྲུང་གོའི་འཕྲིན་ཡིག་དང་ལོ་རྒྱུས་དེ་ལོ1000ཙམ་ལ་སྐུལ་འདེད་བཏང་ཡོད། ཀྲུང་ཧྭའི་ཤེས་རིག་ལོ་རྒྱུས་རྒྱུན་རིང་ལྡན་པ་དང་རྒྱུན་གཏན་ནས་ཆད་མྱོང་མེད་པས། ང་ཚོའི་མི་རིགས་རླབས་པོ་ཆེ་གསར་སྐྲུན་བྱས་ཡོད་ཅིང་། མི་རིགས་འདི་ད་དུང་རླབས་ཆེན་དུ་གནས་སྲིད། རིག་གནས་དངོས་རྫས་སྔོག་འདོན་དང་ཞིབ་འཇུག། སྲུང་སྐྱོབ་བཅས་ཀྱི་ལས་དོན་སྤེལ་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔར་ལས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱ་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་རང་རེའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་རྩ་བ་ཡིན། ང་ཚོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ནི“ཟུང་འབྲེལ་གཉིས”རེད། ང་ཚོས་རིག་གནས་ཀྱི་གདེང་ཚོད་བརྟན་པོ་བཅངས་ནས་ཀྲུང་གོ་བའི་ཡིད་ཆེས་དང་སྤོབས་སེམས་ཆེ་རུ་གཏང་དགོས།

ཁྲིན་ཞི་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གོང་སྨོས་ཀྱི་འབྲེལ་ཡོད་བྱེད་སྒོར་མཉམ་ཞུགས་མཛད་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྲུའུ་ཞིའི་བཀའ་རྒྱར་མིང་རྟགས་བཀོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།