མཚོ་སྔོན་མྱུར་བགྲོད་གཞུང་ལམ་གྱི་དུང་འཁྱིལ་ཟམ་པ་ཐོག་མ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-10-28

  མཁའ་དབྱིངས་ནས་སྟོན་མཇུག་གི་མཚོ་བོད་ས་མཐོར་ཐུར་ལྟ་བྱེད་སྐབས།  རྒྱལ་ལམ213གཞུང་ལམ་ཐོག་གི་གྲོ་ཚང་ནས་དཔའ་ལུང་བར་གྱི་གཞུང་ལམ་ལས་གྲྭའི་རྣམ་གྲངས་དེ་གཡུ་འབྲུག་སྔོན་མོ་ཞིག་དང་འདྲ་བར་ཀྱག་ཀྱོག་ངང་གནས་ཤིང་། མཚོ་སྔོན་མྱུར་བགྲོད་གཞུང་ལམ་གྱི་དུང་འཁྱིལ་འཁྱོག་ཐིག་ཟམ་པའི་གཡས་ཕྱོགས་སུ་ཉེ་དུས་བདེ་བླག་ངང་སྦྲེལ་མཐུད་ཐུབ་ཡོད།

     མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་དོ་དམ་ཚད་ཡོད་ཀུང་སིའི་གྲོ་ཚང་མྱུར་བགྲོད་གཞུང་ལམ་རྣམ་གྲངས་གཞུང་དོན་ཁང་གི་ཀྲུའུ་རེན་ཧྲེན་ཅན་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟམ་པ་དེ་ནི་གསེག་ཤུར་ཨང་5པའི་ཟམ་ཆེན་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྨི་2783ཡོད་པ་དང་། ཟམ་ཆེན་གྱི་སྣེ་གཉིས་བར་དྲང་ཐིག་གི་བར་ཐག་སྨི་1000ཟིན་པ།  མཁའ་དབྱིངས་ཀྱི་མཐོ་ཚད་ལ་སྨི་68ཡོད།  ཟམ་ཆེན་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་བརྒྱུད་དགོས་པ་དང་།  འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་རི་ཁུལ་གྱི་ས་ཁོད་མི་སྙོམས་པ་དང་ལུང་ཤུར་མང་བའི་རྐྱེན་ལས་བཟོས་པའི་འཛུགས་སྐྲུན་གྱི་དཀའ་གནད་བསྒྲོལ་ཡོད་ཅིང་། དེས་སླད་ཕྱིན་གྱི་ཨར་སྐྲུན་ཐད་ཉམས་མྱོང་ཡང་བསགས་ཡོད་པ་རེད།       

མཚོ་སྔོན་མྱུར་བགྲོད་གཞུང་ལམ་གྱི་དུང་འཁྱིལ་ཟམ་པ་ཐོག་མ།

      གསར་འགོད་པར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  རྒྱལ་ལམ་213གྱི་གྲོ་ཚང་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་53.6ཡོད་པ་དང་། མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཡོད།  ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་80འཆར་འགོད་བྱས་ཡོད་པ་དང་།  དེ་ནི་མཚོ་སྔོན་ཞིང་ཆེན་ཤར་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་ཀྱི་གཞུང་གསུམ་འཕྲེད་གསུམ་གྱི་ཕྱི་ཕྱོགས་ཕྱོགས་བསྡུས་སྐྱེལ་འདྲེན་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད།

     ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་གཞུང་ལམ་ལས་གྲྭ་ཅུས་དང་པོའི་ཚོགས་པ་ཚད་ཡོད་ཀུང་སིའི་གྲོ་ཚང་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་ཅིང་ལི་པུའུ་གཉིས་པའི་ཡན་ལག་པུའུ་དང་པོའི་སྤྱི་ཁྱབ་བཟོ་སྐྲུན་པ་ཧའུ་ཡུས་ཕིང་གིས།  མཚོ་བོད་ས་མཐོའི་རི་ཁུལ་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་མྱུར་བགྲོད་གཞུང་ལམ་གྱི་ཟམ་པ་བསྐྲུན་ཆེད།  ལས་གྲྭའི་ལག་རྩལ་མི་སྣས་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ་དུང་འཁྱིལ་དབྱིབས་ཀྱི་འཁྱོག་ཐིག་ཟམ་ཆེན་འདི་ཇུས་འགོད་བྱས་ཡོད་པ་དང་། དེས་སྨི་68ཀྱི་མཐོ་དམན་ཧེ་བག་སེལ་ཐབས་བྱས་ཡོད་ཅེས་བརྗོད་ཡོད། 

     ཧྲེན་ཅན་ཆིང་གིས། ཟམ་ཆེན་གྱི་ཟར་ཚད་3.9%ཟིན་པ་དང་།  ཆེས་མཐོའི་འཕྲེད་ངོས་ཟར་ཚད་4%ཟིན་པ། འཁྱོག་ཐིག་ཆུང་ཤོས་ཀྱི་ཚངས་ཕྱེད་ལ་སྨི400ཙམ་ལས་ཟིན་གྱི་མེད། མྱུར་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཨར་ལས་ཚོགས་པས་ལྷུ་ཚིགས་ཁག་ལ་གཟབ་ནན་ངང་ར་སྤྲོད་བྱས་པ་དང་ཚོད་ལྟ་ཡང་ཡང་བྱས་ཏེ་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ཡོད་ཅེས་བརྗོད་ཡོད།   

     ཧའུ་ཡུས་ཕིང་གིས། ཨར་ལས་སྒྲིག་ཆས་དང་ཨར་ལས་བཟོ་རྩལ་མི་ཉུང་བ་ཞིག་ལ་ལེགས་སྒྲིག་བྱས་ཡོད་པ་དང་།  ཟམ་བཀྱག་མཐོ་ཤོས་ལ་སྨི་91ཟིན་ཞིང་།  ཨར་འདམ་རྒྱག་པའི་སྤུས་ཚད་དང་ཤུགས་ཚད་འགན་ལེན་བྱ་ཆེད། ཨར་འདམ་ཁོ་ནར་ཚོད་ལྟ་ཐེངས་བརྒྱ་ཕྲག་ཁ་ཤས་བྱས་ཡོད་ཅེས་བརྗོད་ཡོད།

     སྤྱི་ཟླ་10པའི་ཚེས་10ཉིན།  གསེག་ཤུར་ཨང་5པའི་ཟམ་ཆེན་གྱི་གཡས་ཕྱོགས་བདེ་བླག་ངང་མཐུད་ཐུབ་པ་དེའི་ཐོག་ནས་གྲོ་ཚང་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭས་ལས་གྲྭའི་ལག་རྩལ་གྱི་དཀའ་གནད་བསལ་ཐུབ་པ་དང་དུས་མཚམས་རང་བཞིན་གྱི་ཨར་སྐྲུན་ལས་འགན་ལེགས་སྒྲུབ་བྱས་པ་མཚོན་ཡོད།     

མཚོ་སྔོན་མྱུར་བགྲོད་གཞུང་ལམ་གྱི་དུང་འཁྱིལ་ཟམ་པ་ཐོག་མ།

       ཧྲེན་ཅན་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དུང་འཁྱིལ་འཁྱོག་ཐིག་ཟམ་ཆེན་ལས་གྲྭ་སྔོན་དཔག་བྱས་ན་དུས་སང་གི་སྤྱི་ཟླ་8པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་དང་། གྲོ་ཚང་ནས་དཔའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་ཡང་2024ལོའི་ཟླ་9པར་ཤར་གཏོང་ཐུབ་རྒྱུ་རེད། བསྐྲུན་ཟིན་རྗེས། མཚོ་སྔོན་ཞིང་ཆེན་ཤར་རྒྱུད་ས་ཁུལ་གྱི་གཞུང་ལམ་དྲ་སྦྲེལ་ཐུབ་རྒྱུ་ཡིན་པ་དང་། དེས་ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པ་མཉམ་འབྲེལ་མཉམ་མཐུད་དང་། ལམ་རྒྱུད་ས་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཞིན་ཧྭ་གསར་འགྱུར་ཁང་གིས་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ཆ་ཚང་སྤེལ་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།