ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས།

ནོར་བུས་བསྒྱུར།    ཞིན་ཧྭ་གསར་འགྱུར་ཁང་།    2022-10-27

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་ཤིང་། 《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》དང《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལག་བསྟར་ཞིབ་སྲོལ》ལ་གྲོས་ཞིབ་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།


སྤྱི་ཟླ10ཚེས25ཉིན་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ནས།ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས།ལག་བསྟར་བཅས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་།《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》དང་།《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལག་བསྟར་ཞིབ་སྲོལ》ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།


གྲོས་ཚོགས་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་རིང་ལ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཡིན། རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་དང་ཏང་གི་སྒྲིག་ཡིག་ཇི་མ་ཇི་བཞིན་སློབ་སྦྱོང་དང་ཞིབ་ཀློག་བྱ་རྒྱུར་ཁྲིད་སྟོན་བྱ་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་བསམ་བློ་གསར་པ་དང་། ཆོད་གཏམ་གསར་པ། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་བཅས་ལ་གོ་བ་ནན་ཏན་ལོན་དགོས། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་དང་འབྲེལ་བ་དམ་ཟབ་བྱ་དགོས།“གཏན་འབེབས་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སོགས་གནད་དོན་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་སྙིང་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱ་དགོས། ནང་དོན་གཙོ་བོ་དང་ཁྲིད་སྟོན་དམ་འཛིན་བྱས་ནས་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་འབོད་སྐུལ་བྱེད་ཤུགས་དང་། གོང་བུ་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་ཏན་ཏིག་བཏང་ནས་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་ཧུར་སྐྱོད་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་དགོས་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྐང་འཛིན་སྟོབས་ཤུགས་སྐོང་འཐེན་བྱས་ནས་སྒྲོག་འགྲེལ་དཔུང་ཁག་འཛུགས་པ་དང་། གཞི་རིམ་ལ་ཁ་ཕྱོགས་པའི་སྒྲོག་འགྲེལ་སྒྲིག་འཛུགས་ཡག་པོ་བྱེད་པ།རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་དོན་དངོས་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་གོ་ཐུབ་པ་དང་། གོ་བ་ལེན་ཐུབ་པ།དོན་འཁྱོལ་ཐུབ་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་སྤེལ་བར་སྐུལ་འདེད་གཏང་དགོས།


གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་དོན་དངོས་དང་ཟུང་འབྲེལ་དང་དངོས་ཕན་དོན་གཉེར་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་དང་བླང་བྱ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་སོ་སོར་དོན་འཁྱོལ་བྱ་དགོས། རྒྱལ་ཁབ་ཕྱི་ནང་གི་གནས་བབ་སྐོར་གྱི་ཏང་ཀྲུང་དབྱང་གི་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལ་གོ་བ་གཏིང་ཟབ་ལེན་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ཐད་འཕྲད་པའི་གོ་སྐབས་དང་འགྲན་སློང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ།སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་མཐིལ་ཚད་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ། རྙོག་འཛིང་ཆེ་བའི་གནས་བབ་སྣ་ཚོགས་ལ་ཁ་གཏད་འཇལ་བའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་བཅས་བྱ་དགོས། རིམ་ཁག་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོ་བཅངས་པ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱ་དགོས།ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ།འགན་འཁྲི་འཁུར་ཕོད་པ།དངོས་ཐོག་བདེན་འཚོལ་བཅས་ཀྱི་སྒོ་ནས་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་དངོས་ཡོད་ཀྱི་ཕན་འབྲས་མཐོང་ཐུབ་པ་བྱ་དགོས།


ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་བརྒྱག་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན་ལ། ཐོག་མ་ནི་ཀྲུང་དབྱང་མགོ་ཁྲིད་རིམ་པའི་ཆབ་སྲིད་འགན་འཁྲི་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་བརྩི་སྲུང་ནན་པོ་བྱ་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་བརྒྱག་རྒྱུའི་སྐོར་གྱི་བླང་བྱ་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས།“གཏན་འབེབས་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་པ་དང་།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཡག་པོ་བསྒྲུབས་པ་བཅས་བྱ་དགོས། སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་སོགས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་མཐུན་ཚད་མཐོན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས།


ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱོད་གཙང་འཛུགས་སྐྱོང་དམ་འཛིན་ནི་དུས་གཏན་གྱི་ལས་ཀ་ཞིག་ལས་མཚམས་འཇོག་རྒྱུ་མེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་དོན་འཁྱོལ་བྱ་རྒྱུའི་ཐད་བཀོད་སྒྲིག་གསར་པ་བྱས་ཡོད། ངེས་པར་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་ཐོག་མཐའ་བར་གསུམ་དུ་ཡུན་རིང་ནུས་ལྡན་གྱི་སྒྲིག་སྲོལ་དང་འགྱུར་མེད་ཀྱི་ཚད་གཞིར་འཛིན་དགོས། མགོ་ཁྲིད་མི་སྣས་གོང་གིས་འོག་ལ་སྣེ་ཁྲིད་རྒྱུ་དམ་འཛིན་བྱེད་ཅིང་། “སྤྱོད་ཚུལ་བཞི”ཡོ་བསྲང་དང་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་དུ་བཟུང་ནས་ཡོ་བསྲང་བྱེད་པ། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོ་བ། ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པར་སྐུལ་འདེད་གཏོང་བ།ཏང་གིས་རང་ངོས་གཙང་བཅོས་དང་། རང་ངོས་འཐུས་ཚང་དུ་གཏོང་བ།རང་ངོས་གསར་བཅོས།རང་ངོས་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ནམ་ཡ་ངམི་དམངས་དང་དབུགས་ལམ་གཅིག་གྱུར་དང་།བདེ་སྡུག་མཉམ་མྱོང་བྱ་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་པོ་བྱས་ནས་རང་གཅུན་ནན་པོ་དང་། ཁོངས་གཏོགས་ལ་དོ་དམ་ནན་པོ། རང་འགན་གཙང་སྒྲུབ་བཅས་བྱས་ཏེ་སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན་བྱེད་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་སྒྲུབ་པ་སོགས་ཀྱི་ཐད་ཏང་ཡོངས་ཀྱི་བློ་མཐུན་ཚོར་མིག་དཔེ་སྟོན་དགོས།


ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུར་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།