འགན་འཁྲི་ཆེན་པོ་ཕྲག་ཏུ་ཁུར།། བྱ་གཞག་རླབས་ཆེན་གསར་པ་གཏོད།།

ཐུབ་བསྟན་གྱིས་བསྒྱུར།        2022-10-25

མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།

     བྱ་གཞག་རླབས་ཆེན་གཅིག་རྒྱུད་གཅིག་ཏུ་འཛིན།། ལོ་བརྒྱ་ཏང་ཆེན་ལང་ཚོ་དར་ལ་བབ།། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་བཞེས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་བྱས་རྗེས་གལ་ཆེན་ཕུལ་བའི་བློ་མཐུན་ཁག་ཅིག་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལས་གནས་ནས་ཕྱིར་འཐེན་གནང་བ་དང་། སྤྱོད་ཡོན་གཉིས་ལྡན་དང་། ལོ་ན་གཞོན་པ། ཉམས་མྱོང་ཕུན་སུམ་ཚོགས་པའི་མགོ་ཁྲིད་ལས་བྱེད་པ་ཁག་ཅིག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་སུ་ཕེབས་པ་རེད། འདི་ནི་ཏང་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བ་དང་། མི་དམངས་ཀྱི་རེ་སྒུག་མཚོན་ཅིང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཡིད་ཆེས་བརྟན་པོ་བྱེད་འོས་པའི་ཀྲུང་དབྱང་གི་མགོ་ཁྲིད་ཚན་པ་ཞིག་ཡིན་ལ། འདི་ནི་ཆབ་སྲིད་བརྟན་པོ་དང་། མཐུན་སྒྲིལ་གཅིག་གྱུར། གསོན་ཤུགས་ཁེངས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་འཚམ་ཐུབ་པའི་ཀྲུང་དབྱང་གི་མགོ་ཁྲིད་ཚན་པ་ཞིག་རེད། འདེམས་བསྐོའི་མཇུག་འབྲས་ལས་ཏང་ཡོངས་ཀྱི་ཐུན་མོང་གི་འདུན་པ་གང་ལེགས་མཚོན་པ་དང་། མི་དམངས་དུང་ཕྱུར་མང་པོའི་ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་ཅིང་། ང་ཚོའི་ཏང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། དར་རྒྱས་གོང་འཕེལ། འབད་འབུངས་ཡར་བརྩོན་བཅས་ཡིན་པ་མངོན་པར་མཚོན་ཡོད། མདུན་དུ་སྐྱོད་པའི་ལམ་བུའི་ཐོག། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཀྲུང་གོ་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་བརྟན་པོ་འཛིན་ཐུབ་ངེས་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ་དང་། འབྱུང་འགྱུར་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན། སྲིད་ཇུས་དང་བྱེད་ཕྱོགས་གནད་ཆེ་བ་ཚན་རིག་དང་མཐུན་པའི་ཇུས་འགོད་གནང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བའི་འཆར་འགོད་བརྗིད་ཉམས་ཆེ་བ་བཀོད་པ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་གསལ་སྟོན་བྱས་ཤིང་། རང་རེའི་ཏང་གིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱེད་པར་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་བཏིང་བ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་ལེ་ཚན་གསར་པ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་བརྩམ་པ་བཅས་ལ་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བཏོན་ཡོད། དེའི་ཐོག་ནས་རང་རེའི་ཏང་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་དུ་སྲུང་བ་དང་། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བ། སྐྱེ་སྟོབས་ཀྱི་དཔལ་ཇི་སྲིད་བར་དུ་འབར་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཡིན་པ་གསལ་པོར་མཚོན་ཡོད།

     སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་ནི་ཏང་ལ་ཐུག་ཡོད། དེང་སྐབས། འཛམ་གླིང་ལ་ལོ་ བརྒྱ་རིང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོའི་འགྱུར་ལྡོག་སྔར་ལས་འཚུབ་ཆེ་རུ་འགྲོ་ཞིང་། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་པ་དང་། ངེས་གཏན་མེད་པ་དང་ཚོད་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་པའི་དུས་སྐབས་སུ་སླེབས་ཡོད། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཁོར་ཡུག་འོག། འགན་འཁྲི་སྔར་ལས་ལེགས་པར་འཁུར་བ་དང་། བྱ་གཞག་གསར་པ་གཏོད་དགོས་ན། ང་ཚོའི་ཏང་ལ་ངེས་པར་དུ་ཞུམ་མེད་སྟོབས་ལྡན་གྱི་མགོ་ཁྲིད་སྲོག་ཤིང་དང་ཀྲུང་དབྱང་གི་མགོ་ཁྲིད་ཚོགས་པ་ཡོད་དགོས། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་འཁེལ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་གོ་གནས་གཏན་འཁེལ་བྱས་པ་དེ་ནི་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། “གཏན་འཁེལ་གཉིས”ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་ལེགས་སྐྱོང་གི་ཆབ་སྲིད་ཀྱི་གྲུབ་འབྲས་ཆེ་ཤོས་དང་། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་འགན་ལེན། དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་། གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་གདིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་རེད། ང་ཚོས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་ཞིང་། སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སྲུང་སྐྱོང་དང་།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྲུང་སྐྱོང་། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བའི་འགྲིལ་ཤུགས་ཧ་ཅང་ཆེན་པོ་ཆགས་པར་བྱ་དགོས།

     མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་འཐོབ་ཐུབ་པ་དང་། འབད་འཐབ་བྱས་ན་གཞི་ནས་ལམ་ལྷོང་ཡོང་ཐུབ།    ང་ཚོས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད་ལ། ད་དུང་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས། ང་ཚོས་བློ་མཐུན་ ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། “གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལོན་ཞིང་། “འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཤིང་། ཏང་ལེགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་བཅངས་པ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་པ། རང་རྟོན་རང་བརྩོན་དང་། བདེན་སྲུང་གསར་གཏོད་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་ལེའུ་ཞིག་བརྩམ་པ་དང་། རྒྱུགས་སྤྲོད་པའི་ལམ་བུའི་ཐོག་གཞན་གྱིས་བལྟས་ན་རེད་བསམ་བསམ་གྱི་ངོ་མཚར་གསར་པ་མུ་མཐུད་དེ་གཏོད་དགོས་སོ།།   


  • ལེ་ཚན་སྔོན་མ།:གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས1པོའི་སྤྱི་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10