དྲང་ཚིག་གཡང་གི་མེ་ཏོག་ཁྱེད་ལ་ཕུལ།

ཁྲག་གདོང་།        2022-10-21

ལུས་ལ་ཐོགས་པའི་ལས་ཀྱི་དར་ཐག་ཅིག །

ཕན་ཚུན་སྦྲེལ་ནས་ལོ་ཡིས་ལོ་མཐར་བཟུང་། །

ཁྲེལ་མེད་ལས་དང་མ་འདྲེས་ནམ་ཟླ་འདི། །

བག་ཡོད་ཚུལ་མཐུན་ནང་གི་གྲོགས་པོ་སྟེ། །

བཅོས་མའི་སྣང་བ་བོར་ནས་བས་མཐའ་རུ། །

འཚོ་བ་སྐྱིད་སྡུག་ཟུང་གིས་ཟིན་ཡང་རུང་། །

བརྩེ་བའི་འཛུམ་པ་ཡལ་བ་མེད་པའི་ངང་། །

ཆུང་གྲོགས་ཟླ་བ་གཞོན་ནུ་ཁྱེད་རང་ཡིན། །

ཟླ་བའི་མདངས་ལྟར་མཛེས་པ་མེད་ཀྱང་ཆོག །

ལུས་ཀྱི་ཕྱི་ནང་གཉིས་སུ་གྲོགས་ཁྱེད་མཆོག །

ངག་ནས་ཤོར་བའི་ཚིག་གི་མེ་ཏོག་རེ། །

ཡིད་དུ་ཨེ་འོང་ཞེས་ནས་ཁྱེད་ལ་འདྲི། །

ཡིད་སྙིང་མ་འགྱུར་ཀློང་གི་གྲོགས་ཁྱེད་དེ། །

སྣང་བ་རང་འགྲིག་ནང་དུ་འཕྲད་པ་ནི། །

ཚོར་བ་མི་འདྲ་སྣ་ཚོགས་བདག་ལ་བྱུང་། །

དེ་བས་གྲོགས་ཁྱེད་ཕྲན་ལ་འདང་ཆེ་ཡོད། །

བརྩེ་བའི་དམ་ཚིག་མ་ལྷོད་ཡུན་རིང་ཡིན། །

ཡུན་རིང་དུས་སུ་ཁྱེད་ནི་གཞན་པ་ལས། །

བྱམས་སྙིང་ཆེ་བའི་གྲོགས་པོ་དག་མ་ཡིན། །

ཡིད་ལ་ཆགས་པའི་མ་བཅོས་བརྩེ་བ་ནི། །

ཕྱི་གསལ་ནང་གསལ་ཞིག་གི་རྣམ་པ་སྟེ། །

འུ་གཉིས་བར་ལ་སྡིག་པའི་དྲི་མ་གོས། །

ཁྱེད་སེམས་དྭངས་མ་དེ་ལ་བདག་གི་ཡིད། །

དབང་མེད་ལས་ཀྱིས་འཕྲོག་སྟེ་ཡིད་དུ་འོང་། །

འདི་ཡང་གྲོགས་པོ་ཞིག་གི་མཚོན་རྟགས་ཏེ། །

ལས་ཀྱིས་བདག་ལ་དབང་བ་ཨེ་ཡིན་ཞེས། །

ཚིག་དང་ཚིག་གི་བར་དུ་ཡང་ཡང་འཁྱིལ། །

ཡིད་ལ་ཆགས་པའི་ངང་དུ་བདག་གིས་མྱོང་། །

སླད་མའི་ཚིག་དང་ཡིག་འབྲུ་མ་རྫོགས་ཤིང་། །

རྫོགས་མེད་དམ་ཚིག་རིང་མོ་སྔར་ལས་ཀྱང་། །

རྒྱུན་ཆད་བྲལ་ནས་ཁྱེད་ཀྱི་ལུས་ངག་ཡིད། །

ན་ཚ་གཏན་དུ་མེད་པས་འཚོ་ཐུབ་ཅིང་། །

རེ་བའི་རྨི་ལམ་གསོན་པོ་མཐར་ཐུག་པའི། །

སྨོན་ཚིག་གཙང་མ་དེ་དག་ལྷག་པའི་ལྷར། །

ཇི་ལྟར་བཅོལ་བ་ཇི་བཞིན་མངོན་དུ་འགྱུར། །

ཚེ་སྲོག་བྲག་ལྟར་བརྟན་པའི་སྨོན་ལམ་དེ། །

སྡིག་དང་སྒྲིབ་པ་བོར་ནས་ཁྱེད་ལ་ཕུལ། །



  • ལེ་ཚན་སྔོན་མ།:ཚོགས་ཆེན་ཉི་ཤུ་པ་ལ་ཕུལ།
  • ལེ་ཚན་རྗེས་མ།:བཀྲ་ཤིས་ལྷ་དར་དཀར་པོ།