ཝང་དབྱང་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས།

    མི་དམངས་དྲ་བ་ནས་དྲངས།    2022-10-21

སྤྱི་ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། བློ་མཐུན་ཝང་དབྱང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བོད་ལྗོངས་འཐུས་མིའི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ་རེད། ཝང་དབྱང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཞུས་པའི་སྙན་སེང་ནི་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་བྱས་ཤིང་། བརྗོད་བྱ་གཙོ་བོ་ཁ་གསལ་བ། བསམ་བློ་ཟབ་མོ་ཡིན་པས་ཡིད་ཆེས་བརྟན་པོ་དང་ཏང་སེམས་གཅིག་སྒྲིལ། དམངས་སེམས་དྲོན་མོ། སེམས་པ་གཅིག་མཐུན་ཡོང་བའི་སྙན་ཞུ་ཡག་པོ་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་ལམ་ཚད་གསར་པ་བཏོད་ཡོད་ཅིང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་རྒྱུར་བདེན་དོན་གྱི་སྟོབས་ཤུགས་གསར་པ་བསྣན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཀྱི་ཁྲིད་སྟོན་གསར་པ་མཁོ་འདོན་བྱས་པར་བརྟེན། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་གྱི་ལམ་བུ་གསར་པ་དང་དུས་རབས་གསར་པ་གཏོད་རྒྱུར་སྐུལ་སྤེལ་ཆེན་པོ་ཐེབས་ངེས་རེད། ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་གོང་བུ་གཅིག་ཏུ་སྒྲིལ་ཤུགས་ཧ་ཅང་ཆེན་པོ་ཡོང་ངེས་རེད།

ཝང་དབྱང་གིས་ནན་གསུང་གནང་དོན། དུས་རབས་གསར་པའི་ལོ་བཅུའི་རིང་གི་འཕེལ་རྒྱས་ལོ་རྒྱུས་ནི་ཧ་ཅང་རྒྱུན་ལྡན་མིན་པ་དང་ཧ་ཅང་སྤྱིར་བཏང་མིན་པ་ཞིག་རེད། 

དུས་རབས་གསར་པའི་ལོ་བཅུའི་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་རླབས་ཆེན་གྱི་འཕོ་འགྱུར་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་རེད། “གཏན་འཁེལ་གཉིས”ནི་ཏང་ཡོངས་ཀྱི་འདོད་བློ་དང་དམངས་སེམས་གཏད་ཕྱོགས་ཡིན་ལ། ང་ཚོས་གཏན་འཁེལ་མེད་པའི་རང་བཞིན་ཡོད་ཚད་ལ་ཁ་གཏད་འཇལ་བའི་ངེས་གཏན་རང་བཞིན་ཆེ་ཤོས་ཀྱང་ཡིན་པ་རེད།དམིགས་འབེན་ཇི་ཙམ་རྒྱ་ཆེ་ན། ལས་འགན་དེ་ཙམ་དཀའ་ཚེགས་ཆེ་ཞིང་། གནས་བབ་དེ་ཙམ་གྱིས་རྙོག་འཛིང་ཆེ་བར་བརྟེན།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དེ་ཙམ་གྱིས་གོ་བ་གཏིང་ཟབ་ལེན་དགོས་པ་དང་རང་རྟོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་དེ་བས་སྲུང་སྐྱོང་བྱ་དགོས། རང་རྟོགས་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དེ་བས་སྲུང་སྐྱོང་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པའི་ཁ་ཕྱོགས་དེད་དེ་མདུན་སྐྱོད་བྱ་དགོས།

ཝང་དབྱང་གིས་བསྟན་དོན། བློ་རྩེ་གཅིག་སྒྲིམ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི། ང་ཚོ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་མི་ཆད་པར་སྐྱོད་པའི་འགག་རྩ་རེད། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཏང་གི་གཙོ་གནད་ལས་འགན་གཏན་འཁེལ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐོང་དགོས། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་སྔར་ལས་བྱུང་མགྱོགས་པའི་རྒྱབ་ལྗོངས་འོག། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པར་འཐབ་ཇུས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་ཁྲོད་རང་འགུལ་དང་ལེགས་ཆ། འབྱུང་འགྱུར་བཅས་ཐོབ་པ་བྱ་དགོས།

ཝང་དབྱང་གིས་ནན་གསུང་གནང་དོན། དུས་རབས་གསར་པའི་ལོ10ནི་བོད་ལྗོངས་འཕེལ་རྒྱས་ཡག་ཤོས་དང་འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་ལོ10ཡིན་པ་རེད། བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། བརྟན་བརློང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱེད་པ། ཕུགས་ཀྱི་ཐབས་ཇུས་མང་ཙམ་འདིང་བ་དང་། རྩ་བ་བརྟན་དུ་གཏོང་བའི་བྱེད་ཐབས་མང་ཙམ་སྤྱོད་པ། ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་གནད་དོན་གཏིང་ཟབ་ཐག་གཅོད་མང་ཙམ་བྱེད་པ། མཐུན་སྒྲིལ་དང་ཕྱུག་འགྱུར། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྱོང་ཧུར་ཐག་བྱ་དགོས།།



  • ལེ་ཚན་སྔོན་མ།:ལི་ཁེ་ཆང་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10