ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 2022-10-18
སྤྱི་ཚེས་17ཉིན་གྱི་སྔ་དྲོ། བློ་མཐུན་ཧན་ཀྲེང་ཁོང་ཞུགས་པའི་ཧའེ་ནན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཚོགས་པར་ཕེབས་ནས། འཐུས་མི་རྣམས་དང་ལྷན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུར་གྲོས་བསྡུར་གནང་ཡོད།
ཧན་ཀྲེང་གིས། སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་སྙན་ཞུའི་ནང་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་རང་རྒྱལ་གྱི་གོང་འཕེལ་ལ་འཕྲད་པའི་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་ལ་ཞིབ་འཇུག་གཏིང་ཟབ་གནང་བ་དང་བརྡར་ཤ་གང་ལེགས་བཅད་དེ་འབྱུང་འགྱུར་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྲིད་ཇུས་བྱེད་ཕྱོགས་དང་འཐབ་ཇུས་བཀོད་སྒྲིག་ལ་ཁྱོན་ཡོངས་ནས་རྒྱས་གླེང་གནང་ཡོད། སྙན་ཞུར་བསམ་བློའི་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔོན་མཐོང་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཤུགས་ཆེན་ལྡན་པས་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་རྩོམ་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། སྙན་ཞུ་འདིར་ཡོངས་སུ་མོས་མཐུན་དང་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཧན་ཀྲེང་གིས། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་ཡོད། དེ་ནི་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ང་ཚོས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
ཧན་ཀྲེང་གིས། གོང་འཕེལ་ནི་ལས་འགན་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། དམངས་འཚོར་འགན་སྲུང་དང་ལེགས་སུ་གཏོང་བ་བཅས་བྱས་ནས། གོང་འཕེལ་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་གཞུང་དྲང་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པ་བྱེད་དགོས། གོང་འཕེལ་དང་བདེ་འཇགས་གཉིས་གཅིག་གྱུར་འཆར་འགོད་ཡོང་བ་རྒྱུན་འཁྱོངས་བྱས་ཏེ་འབྲུ་རིགས་བདེ་འཇགས་དང་། ནུས་ཁུངས་བདེ་འཇགས། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བཅས་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཧའེ་ནན་ཞིང་ཆེན་གྱི་འཐུས་མི་རྣམས་ནས་གཏམ་བཤད་ཚ་ཚ་འུར་འུར་གནང་བ་དང་། ཚང་མའི་གཏམ་བཤད་ནན་ཏན་ངང་གསན་གྲུབ་རྗེས། ཧན་ཀྲེང་གིས། ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་རྒྱུན་འཁྱོངས་དང་། གོང་འཕེལ་གྱི་དམིགསའབེན་ལ་དམ་པོར་དམིགས་པ། ལམ་ལུགས་གཅིག་སྡུད་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ། ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཧའེ་ནན་གྱི་བསྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐད་འཕེལ་རིམ་གསར་པ་ཟམ་མི་ཆད་པར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10