ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ།

ཡེ་མགོན་གྱིས་བསྒྱུར།        2022-10-16

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10པའི་ཚེས15ཉིན་གློག་འཕྲིན་འབྱོར་གསལ། ཚེས15ཉིན་གྱི་ཕྱི་དྲོར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

     བློ་མཐུན་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། གྲོས་ཚོགས་དེ་དང་ཐོག་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་འོག། ལག་པ་བཀྱགས་ནས་བརྡས་ཐག་གཅོད་སྟངས་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སོགས་མི46ལས་གྲུབ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མིང་ཐོར་གྲོས་འཆམ་བྱུང་བ་རེད།

     དེའི་རྗེས་གྲོས་ཚོགས་དེ་བློ་མཐུན་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་འོག་གྲོས་རིམ་སོ་སོ་སྤེལ་བ་རེད། གྲོས་ཚོགས་ཐོག་ལག་པ་བཀྱགས་ནས་བརྡས་ཐག་གཅོད་སྟངས་ཐོག་ནས་ཏིང་ཞུའེ་ཞང་དང་ཁྲེན་ཞི། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པར་གྲོས་འཆམ་བྱུང་བ་རེད།

     གྲོས་ཚོགས་ཐོག་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་སེང་ལ་གྲོས་འཆམ་བྱུང་བ་རེད།

     སྙན་སེང་ནང་གསུངས་དོན། རྒྱལ་ཡོངས་ཀྱི་འདེམས་བསྐོའི་སྡེ་ཚན་སོ་ནས་བདམས་ཐོན་བྱུང་བར་མ་ཟད་ཀྲུང་དབྱང་གི་ཆོག་མཆན་ཐོབ་ནས་ཡོངས་བསྒྲགས་བྱས་པའི་འཐུས་མི་ཁྱོན་བསྡོམས2296ཡོད་པ་རེད། ཞིབ་བཤེར་བྱས་པར་བརྒྱུད་འཐུས་མི2296གི་ཐོབ་ཐང་གོ་ཆོད་ཡོད་པའི་ངོས་འཛིན་བྱས་པ་རེད། ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི2296ཡོད་པ་རེད།

སྙན་སེང་ནང་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ལ་མཐོང་ཆེན་བླ་ན་མེད་པ་གནང་ཡོད། ན་ནིང་ལོའི་སྤྱི་ཟླ11པ་ནས་བཟུང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་གནང་འོག་འདེམས་བསྐོའི་སྡེ་ཚན་སོ་སོས་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱ་རྒྱུ་རྒྱུན་འཁྱོངས་དང་ཏང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་ཏེ་ཏང་གི་འགོ་ཁྲིད་ལ་ཤུགས་བརྒྱག་རྒྱུ་དེ་འཐུས་མི་འདེམས་བསྐོའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་བཏང་བ་དང་། ཐོབ་ཐང་གི་ཆ་རྐྱེན་གཟབ་ནན་བྱས་པ། བདམས་ཐོན་བྱུང་རིམ་གཟབ་ནན་བྱས་པ། འདེམས་བསྐོའི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ནས་འཐུས་མི་འདེམས་བསྐོའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་པ་རེད།

     སྙན་སེང་ནང་གསུངས་དོན། འཐུས་མི་བདམས་ཐོན་བྱུང་བའི་བརྒྱུད་རིམ་ནང་འདེམས་བསྐོའི་སྡེ་ཚན་སོ་སོས་འོག་རིམ་ནས་གོང་རིམ་བར་དང་། གོང་རིམ་དང་འོག་རིམ་ཟུང་འབྲེལ། ཡང་ནས་ཡང་དུ་ནང་གྲོས། རིམ་པ་བཞིན་གདམ་གསེས་བྱ་རྒྱུ་རྒྱུན་འཁྱོངས་ཏེ་གཞི་རིམ་ཏང་རྩ་འཛུགས་དང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། རྒྱ་ཆེ་བའི་ཏང་མིའི་བསམ་འཆར་གང་ལེགས་ཉན་པས་རྒྱལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཞུགས་རྒྱུ་ཡོངས་སུ་ཁྱབ་པར་བྱས་ནས་ཏང་མི་ཞུགས་ཚད་བརྒྱ་ཆ99.5ལ་ཟིན་ཡོད་པ་རེད། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་ནས་ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཏན་ཏིག་བྱས་ཏེ་འོས་མིའི་ཆབ་སྲིད་ཀྱི་གནད་འགག་གཟབ་ནན་བྱས་པ་རེད། རྟོག་ཞིབ་བྱ་ཡུལ་ཚང་མར“དགོས་ངེས་བཞི”ཞིབ་བཤེར་ནན་ཏན་བྱས་པར་མ་ཟད་སྲིད་དོན་གཙང་སྐྱོང་གི་བསམ་འཆར“མིང་རྟགས་གཉིས”ཀྱང་བཀོད་ཡོད་པ་རེད། བསམ་འཆར་བསྡུ་ལེན་དང་ཞིབ་བཤེར་བྱས་ཚུལ་ལ་གཞིགས་ནས་འཐུས་མིའི་འོས་མིར་བརྩི་མི་འོས་པའི་རིགས་ལེགས་སྒྲིག་བྱས་ཡོད། འདེམས་བསྐོའི་སྡེ་ཚན་སོ་སོས་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཡང་ན་ཏང་ཨུའི(ཏང་ཚན་ཁག)རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ་འདེམས་ཤོག་འཕེན་པའི་ཐབས་ལ་བརྟེན་ནས་འཐུས་མིའི་འོས་མིའི་གྲ་སྒྲིག་མི་སྣ་གཏན་ཁེལ་བྱས་པ་རེད།

     བོད་ལྗོངས་དང་ཞིན་ཅང་ལ་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་ནས་འདེམས་གྲངས་མཚུངས་པའི་འདེམས་བསྐོ་ལག་བསྟར་བྱས་པར་ཕུད། འདེམས་བསྐོའི་སྡེ་ཚན་སོ་སོས་ཏང་གི་འཐུས་མི་ཚོགས་ཆེན་དང་ཏང་གི་འཐུས་མིའི་གྲོས་ཚོགས་འཚོགས་ནས་འཁྲོལ་ཡོད་འདེམས་བསྐོ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་རྣམས་ཀྱི་ཆད་གྲངས་བསྡུར་ཚད་དེ་བརྒྱ་ཆ15ལས་མང་བ་ཡོད་པས་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་པ་རེད། འཐུས་མི་འདེམས་བསྐོའི་ལས་དོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་གི་གསར་འགྱུར་འཕྲིན་སྦྱོར་གཙོ་བོ་བརྒྱུད་དེ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་འཐུས་མི་འདེམས་བསྐོའི་ལས་དོན་གྱི་གནས་ཚུལ་སྤེལ་གཏོང་བྱས་ཡོད་པ་རེད།

     སྙན་སེང་ནང་གསུངས་དོན། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་རྣམས་སྤྱིའི་ཆ་ནས་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་ཞིང་། བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་ཅུང་མཐོ་བ་དང་། སྤྱོད་ཚུལ་བཟང་ཞིང་གྲོས་དོན་གྱི་འཇོན་ནུས་ཆེ་བ། རང་རང་གི་ལས་གནས་ཐོག་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པར་བརྟེན། གུང་ཁྲན་ཏང་མི་ཁྲོད་ཀྱི་ཕུལ་བྱུང་ཅན་ཡིན་པ་རེད། འཐུས་མིའི་གྲུབ་ཚུལ་དང་ཁྱབ་ཚུལ་ཅུང་ལུགས་མཐུན་ཡིན་པ་དང་། གྲུབ་ཚུལ་གྱི་བསྡུར་ཚད་ཁག་ཚང་མ་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཞིང་། འཐུས་ཚབ་རང་བཞིན་ཡོངས་ཁྱབ་ཏུ་ལྡན་པ་རེད།

     སྙན་སེང་ནང་གསུངས་དོན། ཚོགས་ཆེན་བཅུ་དགུ་པ་འཚོག་སྐབས་ཀྱི་བྱེད་སྟངས་གཞིར་བཟུང་ནས་ཏང་ཀྲུང་དབྱང་གིས་ཆེད་དུ་གདན་འདྲེན་ཞུ་བའི་འཐུས་མི83ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་རྒྱུའི་གཏན་ཁེལ་བྱས་པ་དང་ཆབས་ཅིག། ཆེད་དུ་གདན་འདྲེན་ཞུ་བའི་འཐུས་མིར་འཐུས་མི་དང་འདྲ་མཉམ་གྱི་དབང་ཆ་ལོངས་སུ་སྤྱད་རྒྱུ་ཡོད།

     གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འདེམས་བསྐོ་བྱེད་ཐབས(འཆར་ཟིན)ལ་གྲོས་འཆམ་བྱས་ནས་འཐུས་མི་ཚོགས་པ་སོ་སོར་ནང་གྲོས་བྱ་རྒྱུར་སྤྲད་ཡོད།

     ཚོགས་འདུའི་ཐོག་ད་དུང་ཟུར་ཞུགས་དང་སྐུ་མགྲོན་གྱི་དོན་གནད་ལ་གྲོས་འཆམ་བྱུང་བ་རེད། ཀྲུང་དབྱང་གིས་ཏང་ནང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཏང་ཕྱིའི་མི་སྣ་ཁག་གཅིག་ཚོགས་ཆེན་ལ་ཟུར་ཞུགས་བྱེད་པར་གདན་འདྲེན་ཞུ་རྒྱུའི་ཐག་བཅད་པ་རེད། ཚོགས་ཆེན་ལ་ཟུར་ཞུགས་བྱེད་མཁན་གྲས་སུ། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་མིན་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་དང་། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་མིན་པ། ཆེད་དུ་གདན་འདྲེན་ཞུ་བའི་འཐུས་མི་དེ་སྔའི་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དེ་བཞིན་འབྲེལ་ཡོད་བློ་མཐུན་གཞན་དག་བཅས་ཁྱོན་བསྡོམས་མི354ཡོད། སྐུ་མགྲོན་ཡིན་པའི་ངོས་ནས་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་གྲོལ་ཚོགས་འདུར་ཟུར་ཞུགས་བྱེད་མཁན་གྲས་སུ། ད་ལྟ་དང་དེ་སྔ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མྱོང་བའི་ཏང་ཕྱིའི་མི་སྣ་དང་། པེ་ཅིང་དུ་ཡོད་པའི་དམངས་གཙོའི་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་འཐུས་མི། པེ་ཅིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ལྷན་ཁྲོད་དུ་ཡོད་པའི་དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ཁྱོན་བསྡོམས་མི154ཡོད་པ་རེད།

      ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཐོག་ད་དུང་ཚོགས་ཆེན་ཉི་ཤུ་པའི་ཉིན་ཐོའི་གྲོས་རིམ་ལ་འཆམ་བྱུང་བ་རེད། ཉིན་ཐོའི་གྲོས་རིམ་ནི་ཚོགས་ཆེན་ཉི་ཤུ་པ་དེ་སྤྱི་ཟླ10པའི་ཚེས16ཉིན་གྱི་སྔ་དྲོར་ཚོགས་འགོ་བཙུགས་པ་དང་། སྤྱི་ཟླ10པའི་ཚེས22ཉིན་གྱི་སྔ་དྲོར་མཇུག་གྲོལ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:ཏང་གི་ཚོགས་ཆེན་ཉི་ཤུ་པའི་གྲ་སྒྲིག་གྲོས་ཚོགས།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།