དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི།

མཁས་གྲུབ་ཀྱིས་བསྒྱུར།        2022-10-11

དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི།

  ཞི་ཅིན་ཕིང་།

      ལོ་ངོ་བརྒྱ་ཡི་སྔོན་ལ་ཟླ་བ་བཅུ་པའི་གསར་བརྗེའི་མེ་སྒྱོགས་ཀྱི་སྒྲ་གྲགས་པ་དེས་ཀྲུང་གོར་མར་ཁེ་སི་ལེ་ཉིན་རིང་ལུགས་བསྐྱལ་ཡོང་བ་རེད། ཀྲུང་གོའི་སྔོན་ཐོན་པས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བདེན་དོན་ནང་ནས་ཀྲུང་གོའི་གནད་དོན་ཐག་གཅོད་བྱ་རྒྱུའི་འགྲོ་ལམ་མཐོང་བ་རེད། ཉེ་རབས་ཀྱི་རྗེས་སུ་ཀྲུང་གོའི་སྤྱི་ཚོགས་ཀྱི་ལས་འགུལ་དྲག་པོའི་ཁྲོད་དང་། ཀྲུང་གོའི་མི་དམངས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་དང་ཕྱིའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དྲག་པོའི་ཁྲོད། མར་ཁེ་སི་ལེ་ཉིན་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་བྱེད་པའི་གོ་རིམ་བཅས་ཀྱི་ཁྲོད་ནས1921ལོར་ཀྲུང་གོ་གུང་ཁྲན་ཏང་དུས་དང་བསྟུན་ཏེ་བཙུགས་པ་རེད། དུས་དེ་ནས་བཟུང་ཀྲུང་གོའི་མི་དམངས་ཀྱིས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་ལྡན། མི་དམངས་བདེ་སྐྱིད་བཅས་ཡོང་བར་བརྩོན་ལེན་བྱེད་པའི་འཐབ་རྩོད་ལ་རྟེན་ས་ཡོད་པ་དང་། ཀྲུང་གོའི་མི་དམངས་རྣམས་བསམ་པའི་ཐོག་གཞན་དབང་ནས་རང་དབང་དུ་གྱུར་པ་རེད།

    ཀྲུང་ཧྭ་མི་རིགས་ལ་ལོ་ལྔ་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་ལྡན་པ་དང་། འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་ཤེས་དཔལ་བསྐྲུན་ནས་འགྲོ་བ་མི་ལ་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་སྟེ་འཛམ་གླིང་ཐོག་གི་མི་རིགས་རླབས་ཆེན་ཞིག་ཏུ་གྱུར་ཡོད། ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཀྲུང་གོ་ནང་རྩོད་ཕྱི་འཁྲུག་གི་མུན་ནག་གི་གནས་སུ་ལྷུང་བས། ཀྲུང་གོའི་མི་དམངས་ཀྱིས་དམག་འཁྲུག་བསྟུད་མར་བྱུང་བ་དང་།རི་ཀླུང་ཐོར་བ།མི་དམངས་འཚོ་ཐབས་བྲལ་བ་བཅས་ཀྱི་སྡུག་བསྔལ་ཚབས་ཆེན་བརྒྱུད་མྱོང་བ་རེད། མི་རིགས་བསྐྱར་དར་ཡོང་ཆེད། མི་སྣ་སྤྱོད་བཟང་འདུན་ཆེན་གྲངས་མེད་ཀྱིས་དཔའ་ངར་ཞུམ་མེད་དང་སྔོན་འགྱེལ་རྗེས་མཐུད་ཀྱིས་དགའ་སྐྱོ་གཉིས་ལྡན་གྱི་འཐབ་རྩོད་བྱས་ཤིང་། ཚོད་ལྟ་འདྲ་མིན་སྣ་ཚོགས་བྱས་མོད། འོན་ཀྱང་མཇུག་མཐར་ཀྲུང་གོ་རྙིང་པའི་སྤྱི་ཚོགས་ཀྱི་ངོ་བོ་དང་ཀྲུང་གོའི་མི་དམངས་ཀྱི་ཡ་ང་བའི་ལས་དབང་བསྒྱུར་ཐུབ་མེད།

   ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་ཆེས་རླབས་ཆེན་དེ་རེད། ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་ནས་བཟུང་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་དེ་ཏང་གི་ཕུགས་བསམ་ཆེ་ཤོས་དང་མཐར་ཐུག་གི་དམིགས་ཡུལ་དུ་བཟུང་སྟེ་དྲང་བདེན་དང་ཕྱིར་བཤོལ་སྤུ་ཙམ་ཡང་མེད་པར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་འཁུར་བ་དང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་ཚད་མེད་ཀྱིས་འཐབ་རྩོད་བྱས་ནས་རི་ཀླུང་ཁྱུར་མིད་དུ་གཏོང་བའི་ལོ་རྒྱུས་ཀྱི་སྙན་ངག་བརྗིད་ཉམས་ལྡན་པ་བཀོད་པ་རེད།

དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི།

2017ལོའི་སྤྱི་ཟླ10ཚེས18ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འགོ་བཙུགས་ཤིང་། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་གནང་ནས་ཚོགས་ཆེན་ལ་སྙན་སྒྲོན་ཞུས། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅུས་ཕུང་གིས་པར་བླངས།

    ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་དགོས་ན།ངེས་པར་དུ་ཀྲུང་གོའི་མི་དམངས་ཀྱི་མགོ་ཐོག་ཏུ་མནན་པའི་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་ཏེ། མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་གཅིག་གྱུར། སྤྱི་ཚོགས་བརྟན་ལྷིང་བཅས་མངོན་འགྱུར་བྱ་དགོས་པའི་ངོས་འཛིན་གཏིང་ཟབ་བྱུང་ཡོད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་བསྐོར་བ་དང་། དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་པའི་གསར་བརྗེའི་བགྲོད་ལམ་ཡང་དག་པ་ཞིག་རྙེད་པ་དང་། ལོ་ངོ་ཉེར་བརྒྱད་རིང་ཁྲག་བཏོན་དམར་འཛིང་བྱས་མཐར་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་ལེགས་གྲུབ་བྱུང་སྟེ།1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། ཀྲུང་གོ་འདི་ཉིད་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་གཅོད་ཆབ་སྲིད་ནས་མི་དམངས་དམངས་གཙོའི་ཕྱོགས་སུ་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་བ་རེད།

     རང་རེའི་ཏང་ལ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ངེས་པར་དུ་རང་རྒྱལ་གྱི་དོན་དངོས་དང་མཐུན་པའི་སྔོན་ཐོན་གྱི་སྤྱི་ཚོགས་ལམ་ལུགས་འཛུགས་དགོས་པའི་ངོས་འཛིན་གཏིང་ཟབ་བྱུང་ཡོད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་མངོན་པར་གྲུབ་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པ་ བྱུང་བ་དང་། དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ལ་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་ཞིང་། ཀྲུང་ཧྭ་མི་རིགས་ཉེ་རབས་ནས་བཟུང་རྒྱུན་ཆད་མེད་པར་ཉམས་རྒུད་དུ་སོང་བ་ནས་ལས་དབང་རྩ་བ་ནས་བསྒྱུར་བ་དང་། མུ་མཐུད་དེ་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཕྱོགས་སུ་སྐྱོད་པའི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་བ་རེད།

    རང་རེའི་ཏང་ལ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ངེས་པར་དུ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་། མི་དམངས་ཀྱི་འདོད་བློ་དང་མཐུན་པ། བསྒྱུར་བཅོས་སྒོ་འབྱེད་བྱེད་ཕོད་པ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཆེན་པོ་ལྡན་པར་བྱ་དགོས་པའི་ངོས་འཛིན་གཏིང་ཟབ་བྱུང་ཡོད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བསྒྱུར་བཅོས་སྒོ་འབྱེད་ཀྱི་གསར་བརྗེ་རླབས་པོ་ཆེ་གསར་པ་སྤེལ་བ་དང་། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་བར་འགོག་རྐྱེན་བཟོ་བའི་བསམ་བློ་དང་སྒྲིག་སྲོལ་གྱི་འགོག་རྐྱེན་མཐའ་དག་མེད་པར་བཟོས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གསར་དུ་བཏོད་པས། ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་ཐུབ་པ་བྱུང་བ་རེད།

དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི།

  2022ལོའི་སྤྱི་ཟླ8ཚེས16ཉིན་ནས་ཚེས17ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེའོ་ཉིང་དུ་རྟོག་ཞིབ་གནང་བ་རེད། འདི་ནི་ཚེས16ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ཅིན་ཀྲོའུ་གྲོང་ཁྱེར་དུ་ལིའོ་ཧྲེན་གཡུལ་འགྱེད་དྲན་གསོ་ཁང་ལ་རྟོག་ཞིབ་གནང་སྐབས་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས། གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཉེན་ཉེའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅུས་ཕུང་གིས་པར་བླངས།

    ལོ་ངོ་གོ་དྲུག་གི་རིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱེད་ཆེད། ཉམ་ཆུང་དང་སྟོབས་ལྡན་གང་ཡིན་རུང་། གནས་བབ་བཟང་པོའམ་གནས་བབ་ངན་པ་གང་ཡིན་རུང་། ང་ཚོའི་ཏང་གིས་ཐོག་མའི་བསམ་པར་བསྒྱུར་བཅོས་མི་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ངལ་དང་ཉེན་ཁ་ཁྲི་སྟོང་མང་པོ་ཁྱད་དུ་བསད་ཅིང་། བློས་གཏོང་ཧ་ཅང་ཆེན་པོ་དང་། དཀའ་ཚེགས་ལ་གདོང་གཏོད་ཕོད་པ། ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་བཅས་བྱས་ཏེ། སེལ་ཐབས་བྲལ་བའི་དཀའ་གནད་གཅིག་རྗེས་གཉིས་མཐུད་དེ་སེལ་བ་དང་། ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་གཅིག་རྗེས་གཉིས་མཐུད་དེ་བཏོད་པ་རེད།

བློ་མཐུན་རྣམ་པ་ཚོ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་འབེན་མངོན་འགྱུར་ཡོང་བར་ད་ཆ་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཉེ་བ་དང་། ཡིད་ཆེས་དང་ནུས་པ་ལྡན་ཡོད།

    ལེ་དབར་བརྒྱ་ཡི་བཤུལ་ལམ་ལས།། དགུ་བཅུ་ཆོད་ཀྱང་ལམ་ཕྱེད་ཡིན།། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱ་རྒྱུ་ནི་ལས་སླ་པོ་དང་རྔ་རྡུངས་རོལ་དཀྲོལ་ཙམ་གྱིས་གཏན་ནས་འགྲུབ་མི་ཐུབ། ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེ་བར་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་བྱ་དགོས།

    ཕུགས་འདུན་རླབས་ཆེན་མངོན་འགྱུར་བྱེད་པར་ངེས་པར་དུ་འཐབ་རྩོད་རླབས་པོ་ཆེ་བྱ་དགོས། སྤྱི་ཚོགས་ནི་འགལ་བའི་འགུལ་སྐྱོད་ཀྱི་ནང་དུ་མདུན་དུ་སྐྱོད་བཞིན་ཡོད་ཅིང་། འགལ་བ་ཡོད་ན་འཐབ་རྩོད་ཀྱང་ཡོང་གི་རེད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། ཉེན་ཁ་ཚབས་ཆེན་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་བསད། འགལ་བ་ཆེན་པོ་ཐག་གཅོད་བཅས་བྱ་དགོས་ན། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་ཆེན་བྱ་དགོས་ཤིང་། ལོངས་སྤྱོད་ལ་ཞེན་ཆགས་དང་། སྒྱིད་ལུག་བྱེད་པ། འགལ་བ་ལས་གཡོལ་ཐབས་བྱེད་པ་བཅས་ཀྱི་བསམ་བློ་དང་བྱ་སྤྱོད་གང་ཡིན་རུང་ཚང་མ་ནོར་འཁྲུལ་རེད། ཏང་ཡོངས་ཀྱིས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཉམས་དམས་སུ་གཏོང་བ་དང་འཁྱོག་བཤད། ཁས་མི་ལེན་པ་བཅས་ཀྱི་གཏམ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས་པ་དང་། སྔར་ལས་རང་རྟོགས་ཀྱི་སྒོ་ནས་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་དང་། མི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་མང་ཚོགས་དང་ཁ་ཕྲལ་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས། སྔར་བས་རང་རྟོགས་ངང་བསྒྱུར་བཅོས་གསར་གཏོད་ཀྱི་དུས་རབས་ཀྱི་རླབས་རྒྱུན་ནང་ཞུགས་ཏེ་ལུགས་རྙིང་འགོག་རྐྱེན་མཐའ་དག་མཐའ་གཅིག་ཏུ་བསལ་དགོས། སྔར་ལས་རང་རྟོགས་ཀྱི་སྒོ་ནས་རང་རྒྱལ་གྱི་བདག་དབང་དང་།བདེ་འཇགས།འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་དང་། མེས་རྒྱལ་ཁ་ཕྲལ་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས། སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཉེན་ཁ་སྣ་ཚོགས་འགོག་ཟོན་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཀྱི་ཁྱབ་ཁོངས་དང་རང་བྱུང་ཁམས་སུ་བྱུང་བའི་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པ་བྱ་དགོས། ཏང་ཡོངས་ཀྱིས་འཐབ་རྩོད་རླབས་ཆེན་དེའི་ཡུན་རིང་གི་རང་བཞིན་དང་། རྙོག་འཛིང་གི་རང་བཞིན། དཀའ་ཚེགས་ཆེ་བའི་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་།འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་འཐབ་རྩོད་རླབས་པོ་ཆེའི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་བརྩོན་ལེན་བྱ་དགོས། 

     ཕུགས་འདུན་རླབས་ཆེན་མངོན་འགྱུར་བྱེད་པར་ངེས་པར་དུ་འདུ་འགོད་རླབས་པོ་ཆེ་བསྐྲུན་དགོས། འདུ་འགོད་རླབས་པོ་ཆེ་འདི་ནི་ང་ཚོའི་ཏང་གིས་སྐུལ་སྤེལ་གཏིང་ཟབ་གཏོང་བཞིན་པའི་ཏང་ལེགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ཚེ་མི་རིགས་བསྐྱར་དར་ཡོང་བ་ནི་སྟོང་བསམ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད་ལ་ད་དུང་མུ་མཐུད་དེ་ར་སྤྲོད་བྱ་རྒྱུ་རེད། རང་རེའི་ཏང་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་པ་དང་མི་རིགས་ཀྱི་རྐང་འཛིན་དུ་འགྱུར་བ་དང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་དུ་འགྱུར་བར་བྱ་དགོས་ན་རང་ཉིད་ཐོག་མཐའ་བར་གསུམ་དུ་ཉམས་སད་ཐེག་ཐུབ་པར་བྱ་དགོས། ཏང་ཡོངས་ཀྱིས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཏང་གཤིས་ཀྱི་རྩ་དོན་སྲ་བརྟན་དུ་གཏོང་བ། གནད་དོན་ལ་ཁ་གཏད་འཇལ་ཕོད་པ་དང་། རུས་འབྲད་དུག་སེལ་ཕོད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་རྐྱེན་མཐའ་དག་སེལ་བ། ཏང་གི་གཟུགས་གཞི་བདེ་ཐང་ལ་བསླད་སྐྱོན་གཏོང་བའི་ནད་དུག་མཐའ་དག་གཙང་སེལ་བྱས་ཏེ། ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་།བསམ་བློའི་ཁྲིད་སྟོན་ནུས་པ།མང་ཚོགས་ཀྱི་རྩ་འཛུགས།སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རང་རེའི་ཏང་ལ་ནམ་ཡང་སྐྱེ་སྟོབས་ཆེན་པོ་དང་འཐབ་ནུས་ཆེན་པོ་ལྡན་པའི་འགན་ལེན་བྱ་དགོས། 

    ཕུགས་འདུན་རླབས་ཆེན་མངོན་འགྱུར་བྱེད་པར་ངེས་པར་དུ་བྱ་གཞག་རླབས་པོ་ཆེ་ལ་སྐུལ་འདེད་གཏང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཡོངས་རྫོགས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་དཀའ་བ་ཚད་མེད་མྱོང་བ་དང་རིན་དོད་ཆེན་པོ་བཏང་ནས་ཐོབ་པའི་རྩ་བའི་གྲུབ་འབྲས་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་དང་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་ཏང་དང་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཁྲིད་སྟོན་བྱེད་པའི་རིགས་པའི་གཞུང་ལུགས་ཡང་དག་པ་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་རབས་ཀྱི་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་བྱེད་པའི་རྩ་བའི་ལམ་ལུགས་ཀྱི་འགན་སྲུང་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཏང་ཡོངས་ཀྱིས་སྔར་ལས་རང་རྟོགས་ཀྱིས་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་གྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་ཞིང་། བཀག་སྡོམ་དང་འཕེལ་རྒྱུན་ཆད་པའི་ལམ་རྙིང་དུ་མི་སྐྱོད་པ་དང་། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་ཡང་མི་འགྲོ་ལ། ཆབ་སྲིད་ཀྱི་ངེས་ཤུགས་སྲུང་འཛིན་དང་། དངོས་སྒྲུབ་རྒྱལ་དར་རྒྱུན་འཁྱོངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏང་དགོས།

དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི།

2022ལོའི་སྤྱི་ཟླ7ཚེས12ཉིན་ནས་ཚེས15ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་དུ་རྟོག་ཞིབ་གནང་བ་རེད། ཚེས13ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཐེན་ཧྲན་ཆུས་ཀུའུ་ཡོན་སྲང་ལམ་སྤྱི་ཁུལ་དུ་ཡུ་གུར་རིགས་ཀྱི་གྲོང་མི་ཨ་པུའུ་ལའེ་ཐི·ཐུར་ཞུན་གྱི་ཁྱིམ་མི་དང་མཉམ་དུ་འཚོ་བའི་སྐོར་གླེང་མོལ་གནང་བ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞེ་ཧོན་ཁྲིས་པར་བླངས།

     འཐབ་རྩོད་རླབས་པོ་ཆེ་དང་འདུ་འགོད་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ཕན་ཚུན་འབྲེལ་བ་དམ་ཟབ་དང་ཕན་ཚུན་ཁྱབ་འབྲེལ། ཕན་ཚུན་ནུས་པ་ཐོན་པ་ཡིན་ཞིང་། དེའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་མཁན་ནི་ཏང་ལེགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པ་དེ་རེད། འདུ་འགོད་རླབས་པོ་ཆེ་སྐུལ་འདེད་གཏོང་བར་འཐབ་རྩོད་རླབས་པོ་ཆེ་དང་། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ཀྱི་ལག་ལེན་དང་ཟུང་དུ་སྦྲེལ་ནས་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཏང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ཐུབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་དུ་འགྱུར་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་ཀྱི་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་ཐུབ་པ་བཅས་ལ་འགན་ལེན་ཏན་ཏིག་བྱ་དགོས། 

     བློ་མཐུན་རྣམ་པ་ཚོ། ལས་འགན་གྱིས་འགན་འཁྲི་འཁུར་རྒྱུར་འབོད་སྐུལ་དང་འབྱུང་འགྱུར་ལ་སྣེ་ཁྲིད་བྱས་ཡོད། ང་ཚོས་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ་དང་ལོ་རྒྱུས་ཀྱི་གདམ་གར་ངོ་གནོང་མི་དགོས་པ་ཞིག་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་ཆེན་ཁྲོད་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞུམ་མེད་འབད་འཐབ་ཀྱི་ཐོག་ནས་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་འབད་འཐབ་རྒྱུན་མི་ཆད་པ་བྱ་རྒྱུར་བརྩོན་བསྐུལ་བྱེད་ཅིང་། སེམས་པ་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་སྟོབས་ཤུགས་བརྗིད་ཆེ་བ་གཅིག་ཏུ་བསྒྲིལ་དགོས་སོ།། 

 (※འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2017ལོའི་སྤྱི་ཟླ10ཚེས18ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་ཆེན་བླང་དགོས》ཞེས་པའི་སྙན་སྒྲོན་གྱི་ཆ་ཤས་ཤིག་རེད།)


  • ལེ་ཚན་སྔོན་མ།:ཡུལ་འདིར་ལོ་ངོ་3300སྔོན་གྱི་དུར་ཁུང་ཞིག་རྙེད་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10