ཞི་ཅིན་ཕིང་གིས་ས་གཤིས་རུ་ཆེན་འདིའི་ལས་དོན་པར་འཕྲིན་ལན་སྤྲིངས།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-10-10

     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་10པའི་ཚེས་2ཉིན་ཧྲན་ཏུང་ཞིང་ཆེན་ས་གཤིས་གཏེར་ཁ་རྩད་ཞིབ་གསར་སྤེལ་ཅུས་ཀྱི་ས་གཤིས་རུ་ཆེན་དྲུག་པའི་ས་གཤིས་ལས་དོན་པ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ཁོང་ཚོས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུ་དང་གཏེར་ཁ་རྩད་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཐུགས་རེ་ཟབ་མོ་བཅོལ་གནང་ཡོད།

      ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། རུ་ཆེན་བཙུགས་ཚུན། ཁྱེད་ཚོའི་རུ་མི་མི་རབས་ནས་མི་རབས་བར་གྱིས་ལ་བརྒྱབ་ཀླུང་བཤགས་དང་ལུང་སྟོང་དུ་ཟས་སྤྱོད་ཞག་སྡོད་བྱས་ཏེ་འགག་སྒྲོལ་དཀའ་སེལ་བྱས་པས། གཏེར་ཁ་རྩད་ཞིབ་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། རང་རྒྱལ་གྱི་ས་གཤིས་ལས་དོན་པའི་འགན་འཁྲི་འཁུར་སེམས་མངོན་ཡོད་ཅེས་གསུངས་གནང་ཡོད།

     ཞི་ཅིན་ཕིང་གིས། གཏེར་ཁའི་ཐོན་ཁུངས་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་དང་། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་བྱ་རྒྱུ་དེ་རྒྱལ་ཇུས་དམངས་འཚོ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། བློ་མཐུན་ཚོས་རྒྱལ་གཅེས་ལེགས་སྐྱེས་འབུལ་བ་དང་། གསར་འབྱེད་གསར་གཏོད། དཀའ་སྤྱད་འབད་འཐབ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། སྦགས་མེད་གོང་འཕེལ་གྱི་འདུ་ཤེས་ལག་བསྟར་ཧུར་ཐག་བྱས་ཏེ། རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་འགག་གཏོར་ལ་ཤུགས་སྣོན་རྒྱག་པ། རེས་སྐོར་གསར་པའི་གཏེར་ཁ་རྩད་འཚོལ་གྱི་འགག་སྒྲོལ་འཐབ་ཇུས་བྱ་སྤྱོད་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་རྒྱུའི་ཐོན་ཁུངས་བདེ་འཇགས་འགན་ལེན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་བ་དང་། “དཔའ་བོའི་ས་གཤིས་རུ་ཁག”གི་ལེའུ་གསར་པ་འབད་བརྩོན་ཆེན་པོས་གཏོད་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

      ཧྲན་ཏུང་ཞིང་ཆེན་ས་གཤིས་གཏེར་ཁ་རྩད་ཞིབ་གསར་སྤེལ་ཅུས་ཀྱི་ས་གཤིས་རུ་ཆེན་དྲུག་པ་ནི་1958ལོར་བཙུགས་པ་དང་། 1992ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“བྱས་རྗེས་གཟེངས་སུ་ཐོན་ཞིང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་དཔའ་བོའི་ས་གཤིས་རུ་ཁག”གི་གཟི་བརྗིད་མཚན་སྙན་སྤྲད་ཡོད། རུ་ཆེན་བཙུགས་ཚུན། རུ་ཆེན་དེས་གསེར་སོགས་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་ཐད་གསར་གཏོད་འགག་གཏོར་བྱས་ཏེ། རིམ་རྩིས་བྱས་ན་གསེར་གྱི་ཐོན་ཁུངས་འབོར་ཚད་ཏུན་2810ལྷག་རྩད་ཆོད་ཡོད་པས། རྒྱལ་ཡོངས་ཀྱི་གསེར་རྩད་ཞིབ་ཐུབ་མང་ཤོས་ཀྱི་ས་གཤིས་རུ་ཁག་ཅིག་རེད། ཉེ་ཆར། ཧྲན་ཏུང་ཞིང་ཆེན་ས་གཤིས་གཏེར་ཁ་རྩད་ཞིབ་གསར་སྤེལ་ཅུས་ཀྱི་ས་གཤིས་རུ་ཆེན་དྲུག་པའི་ས་གཤིས་ལས་དོན་པ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། གཏེར་ཁ་རྩད་ཞིབ་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་སྙན་སེང་ཞུས་པ་དང་། ས་གཤིས་བྱ་གཞག་ཐད་ནུས་ཤུགས་གང་ཡོད་འདོན་རྒྱུ་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་ཐོན་ཁུངས་བདེ་འཇགས་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་བརྗོད་ཡོད་པ་རེད།


  • ལེ་ཚན་སྔོན་མ།:བུད་མེད་འདི་ལ2022ལོའི་ནོ་བྷེར་རྩོམ་རིག་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ཨུ་ལྷན་སྐབས19པའི་ཚང་འཛོམས་གྲོས་ཚོགས་ཐེངས7པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10