ཐུབ་ཀྱིས་བསྒྱུར། 2022-10-09
སྤྱི་ཟླ9པའི་ཚེས5ཉིན་ལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས། རང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་བརྒྱུད་དེ་ས་འགུལ་གྱི་གནོད་འཚེ་ཚབས་ཆེན་ཐེབས་ཡུལ་གྱི་གནོད་ཐེབས་ཁྱིམ་ཚང་ལ་མཐུན་འབྲེལ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་ཞིང་། ཁུལ་རིམ་པའི་ལས་ཁུངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་ཁ་གཏད་འབྲེལ་གཏུག་ལས་ཁུངས་ཀྱི་ལས་བྱེད་པ་དང་དང་ལས་བཟོ་ཚོའི་མཐུན་འབྲེལ་ལས་འགན་ལྟར། དེ་སྔོན་གྱི་ཁྱིམ་ཚང་གཉིས་ཐོག་ལ་དུ་མ་སྣོན་པའི(“1+2+N”)མཐུན་འབྲེལ་རྩ་དོན་གྱི་རྨང་གཞིའི་ཐོག་ལྕགས་ཟམ་རྫོང་དང་དུང་དཀར་ལུང་པའི་ས་འགུལ་གནོད་འཚེ་ཚབས་ཆེན་ཐེབས་པའི་ཁྱིམ་ཚང་གཅིག་སླར་ཡང་བསྣན་ནས་མཐུན་འབྲེལ་བྱ་དགོས་པའི་བླང་བྱ་ལྟར། ཉིན་བསྟུད་མའི་རིང་ལ། ཁུལ་མགོ་ཁྲིད་ཚོ་སྔ་ཕྱིར་ལྕགས་ཟམ་རྫོང་ས་འགུལ་གནོད་འཚེ་ཐེབས་ཡུལ་དུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་མཐུན་འབྲེལ་ལས་དོན་སྤེལ་དུ་ཕེབས་ནས། དཔེ་སྟོན་སྣེ་ཁྲིད་དང་། བདེ་སྡུག་འདྲི་བ། སྙིང་གཏམ་གླེང་རེས། དཀའ་གནད་སེལ་རོགས་བཅས་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་མཐུན་འབྲེལ་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ9པའི་ཚེས30ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་འབོ་ཞབས་གྲོང་རྡལ་གྱི་མཐུན་འབྲེལ་གནོད་ཐེབས་ཁྱིམ་ཚང་ཞུས་ལེང་གི་ཁྱིམ་དུ་ཕེབས་ནས་ཁང་པར་གནོད་འཚེ་ཐེབས་ཚུལ་དང་སྐབས་སྡོད་བཀོད་སྒྲིག་གནས་ཚུལ། ཁྱིམ་མིའི་འཚོ་བ་དང་འབྱུང་འགྱུར་གྱི་འཆར་གཞི་སོགས་རྒྱུས་ལོན་གནང་བ་རེད། ཞུས་ལེང་གིས་གཉེར་བའི་གནས་ཚང་ལ་གནོད་པ་ཚབས་ཆེན་ཐེབས་པའི་གནས་ཚུལ་ཤེས་རྗེས། ཧྲི་ཀང་གིས་ཁོ་དང་ཁོའི་ཁྱིམ་མི་ལ་ཏང་ཨུ་དང་སྲིད་གཞུང་གིས་སེམས་ཁུར་རོགས་རམ་འོག་ཏུ་ས་འགུལ་གྱི་གནོད་འཚེ་ལས་རྒྱལ་བའི་ཡིད་ཆེས་འཆང་བ་དང་ཐོན་སྐྱེད་རང་སྐྱོབ་ཧུར་ཐག་བྱས་ཏེ་ཁྱིམ་གཞིས་བསྐྱར་དུ་བསྐྲུན་དགོས་པའི་སྐུལ་མ་གནང་བ་དང་ཆབས་ཅིག། འབྲེལ་ཡོད་སྡེ་ཚན་ལ་མི་གཙོ་བོར་བཟུང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཐག་གཅོད་པ་དང་། གོ་རིམ་ཡོད་པའི་སྒོ་ནས་གནོད་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པའི་མངགས་བཅོལ་གནང་བ་རེད།།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་མཐུན་འབྲེལ་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ9པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་འབོ་ཞབས་གྲོང་རྡལ་བེ་ཤིང་ཐང་གྲོང་སྡེའི་མཐུན་འབྲེལ་ཁྱིམ་ཚང་ལུའུ་ཏེ་ཆོན་ཚང་དུ་ཕེབས་ནས་འཚམས་སྐྱེས་དངོས་རྫས་སྤྲད་པ་དང་ཕན་ཚུན་འབྲེལ་གཏུག་བྱེད་སྟངས་ཀྱི་ཁ་པར་ཨང་གྲངས་ཉར་རེས་བྱས་པ་རེད། དབྱང་ཧུང་ཧྲོའུ་ཡིས་ང་ཚོས་ནམ་ཡང་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ནས་གནོད་ཐེབས་མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་པ་དང་། རོགས་སྐྱོར་སྲིད་ཇུས་ཁག་དོན་ཐོག་འཁྱོལ་ཐུབ་པ་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏང་རྒྱུ་ཡིན་ཞེས་གསུངས། ཁོང་གིས་ལུའུ་ཏེ་ཆོན་ཚང་ལ་ཡིད་ཆེས་བརྟན་པོ་འཆང་བ་དང་དཀའ་ངལ་སེལ་ཞིང་། འཚོ་བ་ཡག་པོ་རོལ་དགོས་པའི་སྐུལ་མ་གནང་བ་རེད།།
ཁུལ་ཨུའི་རྒྱུན་ཨུ། གསེར་རྟ་རྫོང་ཨུའི་ཧྲུའུ་ཅི་ཧའོ་པིའོ་མཐུན་འབྲེལ་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ9པའི་ཚེས22ཉིན། ཁུལ་ཨུའི་རྒྱུན་ཨུ། གསེར་རྟ་རྫོང་ཨུའི་ཧྲུའུ་ཅི་ཧའོ་པིའོ་འབོ་ཞབས་གྲོང་རྡལ་རྫ་སྟེང་གྲོང་སྡེའི་མཐུན་འབྲེལ་ཁྱིམ་ཚང་ལིའུ་ཏ་ཧྥིང་ཚང་གི་སྐབས་སྡོད་བཀོད་སྒྲིག་སྦྲ་གུར་ནང་དུ་ཕེབས་ནས་ཁྱིམ་ཚང་གི་གནས་ཚུལ་དང་གནོད་འཚེ་ཐེབས་ཚུལ། སྐབས་སྡོད་འཚོ་བའི་གནས་ཚུལ། གནོད་རྗེས་བསྐྱར་སྐྲུན་འཆར་གཞི་སོགས་ལ་རྒྱུས་ལོན་གནང་བ་དང་ཆབས་ཅིག་འཚམས་འདྲི་དངུལ་རྫས་སྤྲད་ཅིང་འབྲེལ་གཏུག་ཁ་པར་ཉར་རེས་བྱས་པ་རེད། ཧའོ་པིའོ་ཡིས་ཏང་ཨུ་དང་སྲིད་གཞུང་གིས་ནམ་ཡང་ཁྱོད་ཚོར་སེམས་ཁུར་བྱེད་བཞིན་ཡོད། ཕྱིན་ཆད་ང་ཚོ་ཁྱིམ་མི་གཅིག་འདྲ་ཡིན། རྒྱུན་དུ་ཕར་འགྲོ་ཚུར་འོང་བྱ་དགོས། དཀའ་ངལ་ལ་འཕྲད་དུས་ང་ལ་ཁ་པར་རྒྱག་ཤོག་ཅེས་གསུངས་ཤིང་། ཁོང་གིས་ལིའུ་ཏ་ཧྥིང་ཚང་ལ་སྤྲོ་སེམས་བསྐྱེད་དེ་ཁྱིམ་ཚང་ཡག་པོ་སྐྱོངས་དང་མ་འོངས་པའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་ངེས་རེད་ཅེས་སྐུལ་མ་གནང་བ་རེད།།
ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་མཐུན་འབྲེལ་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ10པའི་ཚེས2ཉིན། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་ཆུ་ཁ་གྲོང་སྡེའི་ཡུལ་མི་མའོ་ཅན་གོ་ཚང་ལ་ཕེབས་ནས་མཐུན་འབྲེལ་ལས་དོན་སྤེལ་བ་རེད། ཁོང་གིས་རྩ་འཛུགས་ཀྱིས་ང་རང་ཁྱོད་ཚོ་དང་མཐུན་འབྲེལ་བྱེད་དུ་མངགས་པས་ཕྱིན་ཆད་ང་ཚོ་ཁྱིམ་ཚང་གཅིག་གི་མི་ཡིན་རེད། རྗེས་མ་ང་ཡང་རྒྱུན་དུ་ཁྱོད་ཚོར་ལྟ་སར་ཡོང་རྒྱུ་ཡིན། གནོད་ཐེབས་མང་ཚོགས་ནི་ནམ་ཡང་ཏང་ཨུ་དང་སྲིད་གཞུང་གིས་སེམས་ཁྲལ་བྱ་ཡུལ་ཡིན། སེམས་ཁུར་དང་རོགས་རམ་དེ་བས་ལྷག་པ་བྱས་ཏེ་ཁོ་ཚོའི་མ་མཐའི་འཚོ་བ་འགན་སྲུང་བྱེད་པ་དང་། ཁོ་ཚོར་ད་སྔར་འཕྲད་པའི་དཀའ་ངལ་ལ་གདོང་གཏད་ཡག་པོ་ཐུབ་པ་སྣེ་ཁྲིད་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་ཞེས་གསུངས་པ་རེད།།
ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཆུང་མཐུན་འབྲེལ་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ9པའི་ཚེས27ཉིན། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཆུང་འབོ་ཞབས་གྲོང་རྡལ་གསོམ་ཤིང་ཐང་གྲོང་སྡེའི་མཐུན་འབྲེལ་ཁྱིམ་ཚང་ཀྲེན་ཁང་ཧུའུ་ཚང་དུ་ཕེབས་ནས་ཁང་པར་གནོད་འཚེ་ཐེབས་ཚུལ་དང་། རོགས་སྐྱོར་སྲིད་ཇུས་ཁག་དོན་ཐོག་འཁྱོལ་ཡོད་མེད་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་རེད། ཁོང་གིས་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབད་པ་མཉམ་བྱེད་ལ་བརྟེན་ན་དཀའ་ངལ་སེལ་ཐུབ་ངེས་རེད། ཡིད་ཆེས་བརྟན་པོ་བཅང་བ་དང་། ཏང་དང་སྲིད་གཞུང་དང་ལག་གདང་མཉམ་དུ་སྦྲེལ་ཞིང་གཅིག་ཕན་གཅིག་རོགས་བྱས་ནས་དཀའ་ངལ་མཉམ་སེལ་བྱ་དགོས་ཞེས་གསུངས་པ་རེད།།
ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སངས་དགའ་མཐུན་འབྲེལ་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ10པའི་ཚེས4ཉིན། ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སངས་དགའ་འབོ་ཞབས་གྲོང་རྡལ་རྫ་སྟེང་གྲོང་སྡེའི་མཐུན་འབྲེལ་ཁྱིམ་ཚང་ཝང་ཧན་ཚང་དུ་ཕེབས་ནས་གནོད་འཚེ་ཐེབས་ཚུལ་དང་སྐབས་སྡོད་འཚོ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་གནང་བ་རེད། ཁོང་གིས་ཏང་ཀྲུང་དབྱང་ཐེངས་འདིའི་ས་འགུལ་ལ་དེ་མ་ཐག་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུས་ས་འགུལ་བྱུང་རྗེས་དེ་མ་ཐག་ཕྱོགས་སོ་སོའི་སྟོབས་ཤུགས་བསྡུས་ནས་མི་སྣ་མྱུར་སྐྱོབ་དང་སྐབས་སྡོད་བཀོད་སྒྲིག། གནོད་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁག་ཧུར་ཐག་སྤེལ་ཡོད། ཚང་མས་ཏང་ཨུ་དང་སྲིད་གཞུང་ལ་ཡིད་ཆེས་དང་ཕྱར་བ་གྲུ་འདེགས་བྱས་ན་ཁྱིམ་གཞིས་མགྱོགས་པ་བསྐྱར་དུ་བསྐྲུན་ཐུབ་ངེས་རེད་ཅེས་གསུངས་པ་ཆབས་ཅིག། འཚམས་སྐྱེས་དངོས་རྫས་སྤྲད་པ་དང་འབྲེལ་གཏུག་ཁ་པར་ཉར་རེས་བྱས་པ་རེད།།
ཁུལ་ཨུའི་རྒྱུན་ཨུ། དཀར་མཛེས་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཆིའུ་ཞའོ་ལིང་མཐུན་འབྲེལ་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ10པའི་ཚེས1ཉིན། དཀར་མཛེས་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཆིའུ་ཞའོ་ལིང་གདན་ཐོག་གྲོང་རྡལ་ས་འགུལ་གནོད་འཚེ་ཐེབས་ཡུལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་མཐུན་འབྲེལ་ཁྱིམ་ཚང་ཨན་ཝུན་ཅུན་ཚང་ལ་ཕེབས་ནས་གནོད་འཚེ་ཐེབས་ཚུལ་དང་ཁྱིམ་མིའི་བདེ་ཐང་གནས་ཚུལ། ཁྱིམ་ཚང་གི་ཡོང་འབབ། འགལ་བ་དང་དཀའ་གནད་སོགས་རྒྱུས་ལོན་གནང་བ་རེད། ཁོང་གིས་རང་བྱུང་གི་གནོད་འཚེ་ཚབས་ཆེན་ཅི་འདྲ་བྱུང་ཡང་ཏང་དང་རྒྱལ་ཁབ་ནི་ནམ་ཡང་ང་ཚོའི་རྒྱབ་རྟེན་སྲ་མོ་ཡིན། ཏང་དང་གནོད་ཐེབས་མི་དམངས་བར་གཅིག་སེམས་གཅིག་འབྲེལ་ཡིན་ལ། ཏང་གི་སྲིད་ཇུས་བཟང་པོ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མཐུན་རྐྱེན་འཛོམ་ཚེ་དཀའ་ངལ་མཉམ་དུ་བསལ་ཏེ་བདེ་སྐྱིད་འཚོ་བ་སྐྲུན་ཐུབ་ངེས་རེད་ཅེས་གསུངས་པ་རེད། ཁོང་གིས་ཨན་ཝུན་ཅུན་ཚང་ལ་དཔའ་མི་ཞུམ་པ་དང་ལུས་སེམས་འཚོ་གཞེས་ཡག་པོ། དཀའ་ངལ་དང་འཕྲད་ཚེ་རྩ་འཛུགས་འཚོལ་བ། རང་གི་ལག་ཟུང་ལ་བརྟེན་ནས་ཁྱིམ་གཞིས་བསྐྱར་དུ་བསྐྲུན་དགོས་པའི་མངགས་བཅོལ་གནང་བ་རེད།།
ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་མཱ་ཁྲང་ཞིན་མཐུན་འབྲེལ་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ9པའི་ཚེས26ཉིན། ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་མཱ་ཁྲང་ཞིན་འབོ་ཞབས་གྲོང་རྡལ་རང་འཐག་ཕུ་གྲོང་སྡེ་ཚོ་ཆུང་གསུམ་པའི་མཐུན་འབྲེལ་ཁྱིམ་ཚང་ལིང་ཀོང་ཆིང་དུ་ཕེབས་ནས་གནོད་འཚེ་ཐེབས་ཚུལ་དང་སྐབས་སྡོད་བཀོད་སྒྲིག་གནས་ཚུལ། ལིང་ཀོང་ཆིང་གི་ནད་ཚུལ་སོགས་རྒྱུས་ལོན་གནང་བ་རེད། ཁོང་གིས་ལིང་ཀོང་ཆིང་ཚང་ལ་ཡིད་ཆེས་བརྟན་པོ་འཆང་བ་དང་། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་སྲ་བརྟན་དང་སེམས་ཁུར་འོག་ཏུ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་བསྐྱར་གསོ་མགྱོགས་པ་བྱས་ཏེ་ཁྱིམ་གཞིས་བསྐྱར་དུ་བསྐྲུན་དགོས་པའི་སྐུལ་མ་གནང་བ་རེད།།
ཁུལ་ཨུའི་རྒྱུན་ཨུ། ཁུལ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཝུའུ་མཐུན་འབྲེལ་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ9པའི་ཚེས27ཉིན། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཝུའུ་འབོ་ཞབས་གྲོང་རྡལ་རང་འཐག་ཕུ་གྲོང་སྡེའི་མཐུན་འབྲེལ་ཁྱིམ་ཚང་ལུའོ་ཡུང་ཆོན་ཚང་དུ་ཕེབས་ནས་ཁང་པར་གནོད་འཚེ་ཐེབས་ཚུལ་དང་ཁྱིམ་མིའི་བདེ་ཐང་གནས་ཚུལ། བུ་རྒྱུད་སློབ་གྲྭར་ཞུགས་ཚུལ། ཡོང་འབབ་འབྱུང་ཁུངས། སྐབས་སྡོད་གནས་ཚུལ། ཁང་པ་བསྐྱར་སྐྲུན། དཀའ་ངལ་དང་རེ་ཞུ་བཅས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་དང་ཆབས་ཅིག། འབྲེལ་གཏུག་ཁ་པར་ཉར་རེས་བྱས་པ་རེད། ཅིན་ཝུའུ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྐབས་སྡོད་བཀོད་སྒྲིག་དང་གནོད་རྗེས་བསྐྱར་སྐྲུན་གྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་རྗེས་དཀའ་ངལ་དང་འཕྲད་ཚེ་དུས་ཐོག་ཏང་ཨུ་དང་སྲིད་གཞུང་འཚོལ་ས་འགྲོ་ཆོག་ལ། ང་རང་ཡང་འཚོལ་ས་ཡོང་ཆོག་ཅེས་གསུངས་ཤིང་། ཁོང་གིས་ལུའོ་ཡུང་ཆོན་ཚང་ལ་སེམས་ཚུགས་བརྟན་པོ་དང་འཚོ་བར་རེ་བ་ཆེ་བ། གནོད་རྗེས་བསྐྱར་སྐྲུན་དང་ཐོན་སྐྱེད་འཚོ་བའི་ཁྲོད་དུ་ཧུར་ཐག་ཞུགས་དགོས་པའི་སྐུལ་མ་གནང་བ་རེད།།
ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ། ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཡོན་མིང་ཀོང་མཐུན་འབྲེལ་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ9པའི་ཚེས30ཉིན། ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ། ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཡོན་མིང་ཀོང་འབོ་ཞབས་གྲོང་རྡལ་གྱི་མཐུན་འབྲེལ་ཁྱིམ་ཚང་ཝང་ཅུན་ཁྲེང་ཚང་ལ་ཕེབས་ནས། གནོད་འཚེ་ཐེབས་ཚུལ་དང་ཁྱིམ་མིའི་བདེ་ཐང་གནས་ཚུལ། དཀའ་ངལ་དང་རེ་ཞུ། སྐབས་སྡོད་འཚོ་བ་སོགས་རྒྱུས་ལོན་གནང་བ་རེད། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་འདིའི་ས་འགུལ་ལ་དེ་མ་ཐག་མཆན་བཀོད་མཛུབ་སྟོན་གནང་བ་དང་། ཞིང་ཆེན་དང་ཁུལ་ཨུས་དུས་ཐོག་ཏུ་ཕྱོགས་ཁག་གི་སྟོབས་ཤུགས་བསྡུས་ནས་མི་སྣ་མྱུར་སྐྱོབ་དང་སྐབས་སྡོད་བཀོད་སྒྲིག་བྱས་ཤིང་གོ་རིམ་ཡོད་པའི་སྒོ་ནས་གནོད་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་བ་རེད། ངེས་པར་དུ་ཏང་ཨུ་དང་སྲིད་གཞུང་ལ་ཡིད་ཆེས་བྱེད་པ་དང་། ཚང་མས་སེམས་ཤུགས་མཉམ་སྒྲིམ་བྱས་ན་ཁྱིམ་གཞིས་བསྐྱར་སྐྲུན་མགྱོགས་པོ་བྱ་ཐུབ་ངེས་རེད་གསུངས་པ་རེད། ཁོང་གིས་ཝང་ཅུན་ཁྲེང་ཚང་ལ་འཚམས་སྐྱེས་དངོས་རྫས་སྤྲད་ཅིང་འབྲེལ་གཏུག་ཁ་པར་ཉར་རེས་བྱས་པ་རེད།།
ཁུལ་ཨུའི་རྒྱུན་ཨུ། དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་མཐུན་འབྲེལ་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ10པའི་ཚེས5ཉིན། ཁུལ་ཨུའི་རྒྱུན་ཨུ། དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་འབོ་ཞབས་གྲོང་རྡལ་འཆམ་མཐུན་གྲོང་སྡེའི་མཐུན་འབྲེལ་ཁྱིམ་ཚང་ཀྲང་གོ་ཅུས་ཚང་དུ་ཕེབས་ནས། གནོད་འཚེ་ཐེབས་ཚུལ་དང་སྐབས་སྡོད་རིང་གི་འཚོ་བའི་གནས་ཚུལ། བུ་རྒྱུད་ཀྱི་རྩ་བའི་གནས་ཚུལ། ད་སྔའི་འཚོ་བའི་དཀའ་ངལ། ཁྱིམ་མིའི་ལུས་སེམས་བདེ་ཐང་གནས་ཚུལ་བཅས་རྒྱུས་ལོན་གནང་བ་རེད། ཁོང་གིས་ཕྱིན་ཆད་ང་རང་རྒྱུན་དུ་ཁྱོད་ཚོར་ལྟ་སར་ཡོང་རྒྱུ་ཡིན། ཁྱོད་ཚོས་ཀྱང་ཁྱིམ་ལ་དཀའ་ངལ་གང་ཡོད་ང་ལ་ཁ་པར་དང་འཕྲིན་ཕྲན་བཏང་ནས་བཤད་རོགས། ཁྱིམ་ཚང་གི་འཚོ་བ་ཉིན་བཞིན་ཡག་པོ་ཡོང་བའི་རེ་བ་ཞུ་ཞེས་གསུངས་པ་རེད། ཁོང་གིས་འཚམས་སྐྱེས་དངུལ་རྫས་སྤྲད་པ་དང་འབྲེལ་གཏུག་ཁ་པར་ཉར་རེས་དང་འཕྲིན་ཕྲན་གྲོགས་པོ་སྣོན་རེས་བྱས་པ་རེད།།
ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྥུང་ཅིན་ཧྥེང་མཐུན་འབྲེལ་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ10པའི་ཚེས1ཉིན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྥུང་ཅིན་ཧྥེང་འབོ་ཞབས་གྲོང་རྡལ་རང་འཐག་ཕུ་གྲོང་སྡེའི་མཐུན་འབྲེལ་ཁྱིམ་ཚང་ཞའོ་ཧྥེ་ཚང་ལ་ཕེབས་ནས། གནོད་འཚེ་ཐེབས་ཚུལ་དང་ཁྱིམ་མིའི་བདེ་ཐང་གནས་ཚུལ། དེ་བཞིན་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཅས་རྒྱུས་ལོན་གནང་བ་རེད། ཁོང་གིས་ཞའོ་ཧྥེ་ཚང་ལ་སྙིང་སྟོབས་ཆེར་སྐྱེད་བྱེད་པ་དང་། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་སྲ་བརྟན་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་འབད་བརྩོན་བྱས་ན་ཁྱིམ་གཞིས་བསྐྱར་དུ་སྐྲུན་ཐུབ་ངེས་རེད་ཅེས་གསུངས་པ་རེད། ཁོང་གིས་ཕྱིན་ཆད་ཚང་མ་ཉེ་བ་གྱུར་ཟིན་རེད། རྒྱུན་དུ་འབྲེལ་བ་བྱ་དགོས། དཀའ་ངལ་དང་འཕྲད་ཚེ་ང་ལ་ཁ་པར་གཏོང་རོགས། ང་ཚོས་མཉམ་དུ་ཐབས་བྱས་ནས་ཐག་གཅོད་བྱེད་ཆོག། རྗེས་མར་རྒྱུན་དུ་ཁྱོད་ཚོར་ལྟ་སར་ཡོང་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག་འབྲེལ་གཏུག་ཁ་པར་ཉར་རེས་བྱས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10