སི་ཁྲོན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མི་སྣ་བསྡུ་འགོ་བཙུགས།

        2022-09-27

སྤྱི་ཟླ9པའི་ཚེས23ཉིན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་སྒྲུབ་བྱས་པ་དང་སི་ཁྲོན་ཉིན་རེའི་ཚགས་པར་ཁང་གིས་སྒྲུབ་འགན་འཁུར་བའི2022ལོའི་སི་ཁྲོན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལོ་འཁོར་མི་སྣ་དཔྱད་འདེམས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད། འདི་ནི་རང་རེ་ཞིང་ཆེན་གྱིས་ཐོག་དང་པོར་དཔྱད་འདེམས་ཀྱི་རྣམ་པས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལས་དོན་ལ་དབྱེ་ཞིབ་དང་རྟོག་ཞིབ་བྱས་པ་རེད།

     སི་ཁྲོན་ནི་ལོ་རྒྱུས་རིང་ཞིང་ནང་དོན་གཏིང་ཟབ་པ་ཞིག་ཡིན་པས། ས་གཤིས་ཐོན་ལེགས་ཀྱི་ཞིང་ཁམས་འདིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་བརྒྱུདའཛིན་བྱས་པ་དང་ཡིད་དབང་འཕྲོག་ཤུགས་ཚད་མེད་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་བཏོད་ཡོད། ལོ་ངོ་སྟོང་ཕྲག་རིང་མི་རབས་ནས་མི་རབས་བར་གྱི་བརྒྱུད་འཛིན་པ་ཚོས་བློ་རིག་དང་ལག་རྩལ་ལ་བརྟེན་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་གནས་དང་ལག་རྩལ་མི་རབས་ནས་མི་རབས་བར་བརྒྱུད་འཛིན་བྱེད་ཀྱི་ཡོད། ད་ལྟ། གཟུགས་མེད་རིག་གནས་ཤུལ་བཞག་པ་མང་པོ་ཞིག་གིས་སྔར་བཞིན་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བརྒྱུད་འཛིན་བྱེད་བཞིན་ཡོད་ལ། ཁོང་ཚོ་ནི་གཟུགས་མེད་རིག་གནས་ཤུལ་བཞག་གི་བང་མཛོད་གསོན་པོ་ཡིན་ལ་གཟུགས་མེད་རིག་གནས་ཤུལ་བཞག་མི་རབས་ནས་མི་རབས་བར་བརྒྱུད་འཛིན་བྱེད་པའི“མཐུད་རྒྱུག་འགྲན་སྡུར”ཞིག་ཀྱང་ཡིན་པ་དང་དེང་རབས་ཀྱི་རྒྱུགས་འགོ་ཚུགས་སར་གནས་པའི“ལག་བསྟར་བ”དང་མཚོན་བྱེད་མི་སྣ་ཞིག་རེད། ད་ཐེངས་ཀྱི་དཔྱད་འདེམས་བྱེད་སྒོ་ལས་སི་ཁྲོན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལོ་འཁོར་མི་སྣ10དཔྱད་འདེམས་བྱ་རྒྱུ་ཡིན་ཞིང་། དཔྱད་འདེམས་བྱེད་སྟངས་ལ་བརྟེན་ནས2022ལོའི་གཟུགས་མེད་རིག་གནས་ཤུལ་བཞག་ཁྱབ་ཁོངས་ཀྱི་དོན་རྐྱེན་གལ་ཆེན་དང་གྲུབ་འབྲས་གལ་ཆེན་ཕྱོགས་བསྡོམས་དང་ལེགས་སྒྲིག་བྱས་ནས། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཟིན་ཐོར་འགོད་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་གྱི་དཔེ་མཚོན་དྲིལ་བསྒྲགས་བྱེད་པ། ཞིང་ཆེན་ཡོངས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གསར་གཏོད་ལག་ལེན་ལ་ཁྲིད་སྟོན་བྱེད་པ། གཟུགས་མེད་རིག་གནས་ཤུལ་བཞག་གི་གསོན་ཤུགས་དང་བརྒྱུད་འཛིན་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དུས་རབས་ཀྱི་ཉམས་འགྱུར་མངོན་པ་བྱ་དགོས།

     ད་ཐེངས་དཔྱད་འདེམས་ཁོངས་སུ་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་ཁེ་ལས་ཀྱི་འགན་འཁུར་བ། གཟུགས་མེད་རིག་གནས་ཤུལ་བཞག་ལས་རིགས་ཀྱི་མ་དངུལ་འཇོག་མཁན་དང་དོ་དམ་པ། གཟུགས་མེད་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་པ། གཟུགས་མེད་རིག་གནས་ཤུལ་བཞག་གི་ཞིབ་འཇུག་མཁས་དབང་བཅས་དང་དེ་བཞིན་གཟུགས་མེད་རིག་གནས་ཤུལ་བཞག་ཁྱབ་སྤེལ་བྱེད་མཁན་བཅས་ཚུད་ཡོད། ཚད་གཞི་ནི་མིག་སྔའི་སི་ཁྲོན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་པ་དང་། ཤུགས་རྐྱེན་དང་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐུབ་པ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་བརྒྱུད་འཛིན་དང་དར་སྤེལ་གཏོང་བར་ཁྲིད་སྟོན་རང་བཞིན་དང་དཔེ་སྟོན་རང་བཞིན་ལྡན་པ། སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པ་བཅས་རེད།

     དཔྱད་འདེམས་བྱ་རྒྱུ་དེ་འོས་སྦྱོར་དང་། དཔྱད་འདེམས། ཡོངས་བསྒྲགས་བཅས་ཀྱི་གོ་རིམ་ལྟར་སྤེལ་རྒྱུ་དང་དྲ་བའི་ཐོག་ནས་འོས་སྦྱོར་བྱ་རྒྱུ་དང་། གྲོང་ཁྱེར་དང་ཁུལ་དང་། ཞིང་ཆེན་ཐད་གཏོགས་སྡེ་ཁག། གསར་འགྱུར་འཕྲིན་སྦྱོར། ལས་རིགས་རྩ་འཛུགས་སོགས་ཀྱིས་འོས་སྦྱོར་བྱེད་པའི་བྱ་ཐབས་སྣ་ཚོགས་སྤྱད་དེ་སྤྱི་ཚོགས་ཡོངས་ནས་བསྡུ་རུབ་བྱ་རྒྱུ་དང་། འོས་སྦྱོར་བྱེད་སྐབས་མི་གྲངས་ཀྱི་ཚོད་འཛིན་མེད་ལ། དཔྱད་འདེམས་བྱས་འབྲས་དེ་ད་ལོའི་སྤྱི་ཟླ11པའི་ཟླ་མཇུག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།


ཨོ་རྒྱན་གྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་མིང་ཐོ།
  • ལེ་ཚན་རྗེས་མ།:གཏམ་བཟང་། ཆུ་གློག་ས་ཚུགས་འདི་ནས་གློག་འདོན་འགོ་བཙུགས་འདུག།
  • དོ་སྣང་ཆེ་བའི་རྩོམ།