ཅིན་ལེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།

ཐུབ་ཀྱིས་བསྒྱུར།        2022-09-27

  སྤྱི་ཟླ9ཚེས20ནས་ཚེས23ཉིན་བར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཅིན་ལེ་དཀར་མཛེས་ཁུལ་དང་གཡག་རྔ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་གཟིགས་ཞིབ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་ཅིང་།  ཞིང་ཆེན་ཏང་ཨུའི་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ།རྒྱུད་རིམ་ལྡན་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།འཕེལ་རྒྱས་དང་ཉེན་མེད་ལ་གཅིག་འདོམས་འཆར་འགོད་བྱེད་པ།བོད་འབྲེལ་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་། རིམས་ནད་འགོག་ཟོན།གནོད་རྗེས་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཏན་ཏིག་གིས་ལེགས་པར་བསྒྲུབས་ཏེ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཉེན་མེད་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས་ཞེས་ནན་གསུང་གནང་བ་རེད།

ཅིན་ལེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།

     ཅིན་ལེ་དང་བཅས་པ་སྔ་རྗེས་སུ་དཀར་མཛེས་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་། རྟའུ་རྫོང་། བྲག་མགོ་རྫོང་། གསེར་རྟ་རྫོང་། གཡག་རྔ་གྲོང་ཁྱེར་གྱི་ཧན་ཡོན་རྫོང་། སྲིབ་སྨད་རྫོང་སོགས་ཀྱི་གཙོ་གནད་ཁུལ་དང་དེ་བཞིན་ས་འགུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྐབས་སྡོད་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ནས་དགོན་སྡེ་ཉེན་མེད་བརྟན་ལྷིང་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། རིམས་ནད་འགོག་ཟོན། གནོད་རྗེས་བསྐྱར་སྐྲུན་སོགས་ཀྱི་ལས་དོན་གནས་ཚུལ་རྒྱུས་ལོན་གནང་བར་མ་ཟད། གནོད་ཐེབས་མང་ཚོགས་དང་འཐབ་ཕྱོགས་མདུན་སའི་སྲིད་ཁྲིམས་ལས་བྱེད་པར་འཚམས་འདྲི་ཡང་གནང་བ་རེད།

     ཅིན་ལེ་ཡིས་ནན་གསུང་གནང་དོན། འགག་རྩའི་དུས་སྐབས་སུ་སླེབས་ཚེ་དེ་བས་འགན་འཁུར་ཕོད་པ་བྱ་དགོས། དཀའ་ངལ་མང་པོ་གཅིག་ཐོག་གཅིག་བརྩེགས་དང་འཐབ་ཕྱོགས་མང་པོའི་དམག་འཐབ་ཀྱི་དུས་བབ་ཛ་དྲག་པོ་དང་འཕྲད་ཚེ།རིམ་ཁག་དང་སྡེ་ཚན་ཁག་གིས་ཡིད་ཆེས་བརྟན་དུ་གཏོང་བ་དང་། ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ད་སྔའི་ལས་འགན་དང་ལོ་ཧྲིལ་པོའི་དམིགས་འབེན་དམིགས་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ། རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་ཉེན་མེད་ཡོང་བ་མཐའ་གཅིག་ཏུ་བྱ་ཐུབ་དགོས། ཉེན་མེད་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་གོ་གནས་མངོན་གསལ་དོད་པའི་ཐོག་བཞག་ནས་བརྟན་པོ་ཡོང་རྒྱུ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་པ་དང་། མཐིལ་ཚད་ཀྱི་བསམ་གཞིག་དང་མཐའ་ཚད་ཀྱི་བསམ་གཞིག་བརྟན་པོ་འཆང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཚགས་བཤེར་དང་བསལ་རྒྱུར་ཤུགས་རྒྱག་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་། ཉེན་མེད་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་ལ་དམ་འཛིན་ནན་པོ་བྱེད་པ་དང་། སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་པ། སི་ཁྲོན་དུ་ཡོང་ཕྱིན་ཉིང་སྐྱུར་ཞིབ་བཤེར་བྱེད་པའི་བླང་བྱ་ལག་བསྟར་ནན་པོ་བྱེད་པ། འདུ་གནས་གཙོ་བོར་འགོག་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་འགོག་ཟོན་གྱི་འགོག་སྲུང་ར་བ་བརྟན་པོ་ཏན་ཏིག་བསྐྲུན་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་གནོད་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་ཁེ་ཕན་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་མང་ཚོགས་སྐབས་སྡོད་བཀོད་སྒྲིག་དང་ཞིབ་ཚགས་པོས་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་དཀའ་ངལ་དང་རེ་ཞུ་བརྩེ་བ་ཆེན་པོས་ཐག་གཅོད་བྱེད་པ། གནོད་ཐེབས་མང་ཚོགས་ཀྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་ཅིང་། སེམས་ནུས་གཅིག་སྒྲིལ་གྱིས་ཁྱིམ་གཞིས་གསར་པ་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་བསྐྱར་སྐྲུན་བྱ་དགོས།


ཅིན་ལེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།

     ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ ཧྥུང་ཧྥ་ཀུའེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ། ཁུལ་ཨུའི་རྒྱུན་ཨུ། གསེར་རྟ་རྫོང་ཨུའི་ཧྲུའུ་ཅི་ཧོ་པེའོ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཆང་སོགས་འབྲེལ་ཡོད་རྟོག་ཞིབ་ནང་ཞུགས་པ་རེད།།


  • ལེ་ཚན་སྔོན་མ།:ཞིང་ཆེན་རིམས་ནད་འགོག་ཟོན་ཆེད་དོན་ལྟ་ཞིབ་ཚོ་ཆུང་རང་ཁུལ་དུ་བཅའ་སྡོད་བྱས་ནས་ལས་དོན་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།