མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་ཡི་གེའི་ངོ་ བོ་མདོར་ཙམ་གླེང་བ།

ཡེ་ཤེས་དབང་མོ།        2022-09-26

ནང་དོན་མདོར་བསྡུས།

གཙོ་བོ་བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་རིག་པར་སློབ་སྦྱོང་བྱས་དང་བྱེད་བཞིན་པ་དག་གིས་བོད་ཀྱི་ཡི་གེའི་ངོ་བོ་ཡིག་རིས་སུ་བྲིས་པའི་གཟུགས་ཅན་པར་གོ་བ་མང་བས། འདིར་ཡི་གེའི་མཚན་ཉིད་ལྟར་ངོ་བོ་སྒྲ་ཡིན་པ་དང་དེ་ལྟར་མ་གོ་བའི་སྐྱོན་ཆ་འགའ་ངོ་སྤྲོད་མདོར་བསྡུས་ཙམ་བྱས་ཡོད།

བརྡ་ཆད་གཙོ་བོ།

སྒྲ་གདངས་ཡི་གེ། མིང་། ཚིག། སྒྲ། ཡིག་རིས། རྩོམ་གཞི།

ཇི་སྐད་དུ། སུམ་ཅུ་པ་ཤེས་ན་ཕྲད་དང་རྣམ་དབྱེ་ལ་མི་རྨོངས།རྟགས་འཇུག་ཤེས་ན་བྱ་ཚིག་ལ་མི་རྨོངས། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས་ཞེས་ཡོངས་སུ་གྲགས་པ་བཞིན་དུ་བོད་ཀྱི་སྐད་ཡིག་ཡག་པོ་ཞིག་ཤེས་དགོས་ན་ངེས་པར་དུ་གོང་གི་གཞུང་དག་ལ་འཆད་ཉན་མ་བྱེད་ཐབས་མེད་ཡིན། གཞུང་དེ་དག་ལ་འཇུག་ཅིང་བརྗོད་དོན་འཕྱུགས་མེད་རྟོགས་པའི་སྔོན་འགྲོའི་ལྡེ་མིག་ལྟ་བུ་ནི་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་ཡི་གེའི་མཚན་ཉིད་ཀྱི་གོ་དོན་མ་ནོར་དཔྱིས་ཕྱིན་པར་རྟོགས་དང་མ་རྟོགས་ལ་རག་ལས་ཡོད།འོན་ཀྱང་སྤྱིར་བཏང་ཡི་གེར་སློབ་གཉེར་བྱེད་མ་མྱོང་བ་མང་པོས་ཡི་གེ་ཞེས་རྣ་བར་ཐོས་མ་ཐག་ཏུ་ཤོག་བུ་སོགས་ཀྱི་སྟེང་དུ་བྲིས་པའི་སྐད་ཀྱི་གདངས་མཚོན་བྱེད་ཀྱི་རི་མོ་ཞིག་ལ་གོ་བ་ལེན་པར་གོམས་སྲོལ་ཆགས་པ་ལྟར་དེང་སང་ཡང་བོད་ཡིག་ལ་ཐོག་མར་འཇུག་པའི་སློབ་མ་དག་ལྟ་ཅི། སློབ་གྲྭ་རིམ་པ་དུ་མར་སུམ་རྟགས་སྙན་ངག་མངོན་བརྗོད་སོགས་སྦྱངས་ནས་དགེ་རྒན་གྱི་ལས་གནས་ཟིན་པ་རྣམས་ལས་ཀྱང་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་ཡི་གེ་ནི་རྣ་ཤེས་ཀྱི་མཉན་བྱར་གྱུར་པའི་སྒྲའི་ངོ་བོ་ཅན་ཡིན་པ་མ་ཤེས་པར་མིག་ཤེས་ཀྱི་གཟུང་བྱའི་རི་མོ་ཞིག་ལ་ངོས་བཟུང་མཁན་མང་སྟེ། ལག་ལེན་དུའང་ཡི་གེ་ནི་མིང་ཚིག་བརྗོད་པ་ཀུན་གྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་མཚོན་བྱེད་དུ་བཀོད་པའི་རྟགས་ཤིག་ཅེས་དང་གསལ་བྱེད་སུམ་ཅུ་ལས་མིང་དང་མིང་གཞི་གཉིས་ཀར་འཇུག་པ་ནི་གང་དག་གམ་སོགས་སློབ་མར་ལོག་འགྲེལ་དང་ལོག་འདྲི་འདྲ་མིན་བྱེད་བཞིན་ཡོད་པ་མི་ཉུང་བ་མཐོང་བས། འདིར་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་ཡི་གེའི་མཚན་ཉིད་ཀྱི་གོ་དོན་དང་དེ་ཇི་བཞིན་དུ་རྟོགས་དགོས་པའི་རང་བཞིན་གལ་ཆེན་དག་མདོར་བསྡུས་ནས་ངོ་སྤྲོད་གོ་སླ་ཉན་བདེ་ཞིག་བྱེད་འདོད་བྱུང་ངོ་།།

གཅིག ཡི་གེའི་མཚན་ཉིད་ཀྱི་གོ་དོན།

དེ་ཡང་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ལས།ཡི་གེའི་ངོ་བོ་ནི་མིང་ཚིག་རྩོམ་པའི་གཞིར་གྱུར་པའི་སྐད་ཀྱི་གདངས་སོ།།ཡི་གེའི་ངེས་ཚིག་ནི་ཡུལ་སོ་སོའི་སྐད་མི་འདྲ་ཡང་།དབྱངས་གསལ་གྱི་ཡི་གེ་རྣམས་གང་ཟག་སུས་བརྗོད་ཀྱང་སྒྲའི་གདངས་ཀྱི་རྣམ་པ་མི་འགྱུར་བར་གནས་པས་ན་ཡི་གེ་ཞེས་བྱའོ།།ཡི་གེའི་སྐད་དོད་ཨཀྵར་ཞེས་པ་འགྱུར་མེད་ལ་འཇུག་ཅེས་དང་།སུམ་རྟགས་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ལས། མིང་དང་ཚིག་གང་ཡིན་རྩོམ་པའི་གཞིར་གྱུར་པའི་སྐད་ཀྱི་གདངས་ཞེས་དང་།སུམ་འགྲེལ་ཟླ་སྣང་ལས།མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཡི་གེའི་མཚན་ཉིད་ཅེས་གསུངས་པ་ལྟ་བུ་བོད་ཀྱི་བརྡ་སྤྲོད་གཞུང་འགྲེལ་དག་ལས་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་པའི་ཡི་གེ་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཤིག་ཡིན་པར་བརྗོད་ཡོད།དེ་དག་ཀུན་ལས་འདིར་བརྗོད་ཀྱི་ཡི་གེ་ཡིན་ན་ངེས་པར་དུ་སྐད་ཀྱི་གདངས་ཡིན་པ་གང་ཞིག་མིང་དང་ཚིག་རྩོམ་པའི་གཞིར་གྱུར་པ་ཞིག་དགོས་ལ།གལ་ཏེ་མིང་ཚིག་དག་གི་རྩོམ་གཞིར་མ་གྱུར་ན་སྐད་ཀྱི་གདངས་ཡིན་ཡང་འདིར་བརྗོད་པའི་ཡི་གེ་མ་ཡིན་པ་གསལ་ལོ།།

གཉིས། ཇི་བཞིན་དུ་རྟོགས་དགོས་པའི་རང་བཞིན་གལ་ཆེན།

ཞིབ་ཏུ་བརྗོད་ན་མཚན་ཉིད་དེའི་ཟུར་ལས་སྐད་ཀྱི་གདངས་ཞེས་པས་ཡི་གེའི་ངོ་བོ་སྟོན་པར་བྱེད་ཅིང་།དེ་ལས་གདངས་ཞེས་པས་འདིར་བརྗོད་ཀྱི་ཡི་གེ་ནི་སྐད་ཆ་འགོད་པའི་ཡིག་ཐོག་གི་རྟགས་སུ་བརྗོད་པ་ལྟར་མིག་ཤེས་ཀྱི་གཟུང་བྱར་གྱུར་པའི་དཔེ་རིས་ཡི་གེ་གཟུགས་ཅན་པ་མ་ཡིན་གྱི་རྣ་ཤེས་ཀྱི་མཉན་བྱ་སྟེ་སྒྲ་ཡིན་པར་བསྟན་པ་དང་།འོན་ཀྱང་དཔེར་ན་རླུང་སྒྲ་དང་ཆུ་སྒྲ་ལྟ་བུ་སོགས་རྣ་ཤེས་ཀྱི་མཉན་བྱར་གྱུར་པའི་སྒྲ་ཡོད་ཚད་ཀྱང་སྐབས་བབས་ཀྱི་ཡི་གེ་མ་ཡིན་ཏེ།དེ་ནི་ངེས་པར་དུ་སྐྱེ་བོའི་ངག་ལས་ཐོན་པ་ཞིག་ཡིན་དགོས་པས།དེར་ཚོད་འཛིན་ཕྱིར་དུ་སྐད་ཀྱི་ཞེས་གསུངས་སོ།།དེ་བས་སྐད་ཀྱི་གདངས་ཞེས་པས་འདིར་བརྗོད་ཡི་གེའི་ངོ་བོ་ནི་མིག་ཤེས་ཀྱི་གཟུང་བྱར་གྱུར་པའི་རི་མོ་མ་ཡིན་གྱི་རྣ་ཤེས་ཀྱི་མཉན་བྱ་སྟེ་སྒྲ་ཡིན་པ་བསྟན་ནོ།།དེའི་དབང་གིས་ས་པཎ་གྱི་སྒྲ་འཇུག་ལས། སྒྲ་གང་ཞིག་འབྲུར་ཆགས་པ་ཞེས་དང་།ཚད་མ་རྣམ་འགྲེལ་ལས།ཡི་གེ་ཀུན་སློང་ཤེས་པ་ལས།།སྐྱེ་ལ་ཤེས་པས་སྒྲ་སྐྱེའོ།།ཞེས་དང་།དཔང་ལོ་ཆེན་པོས།རྣམ་རྟོག་དབང་གིས་རླུང་གསོས་ཤིང་།།དེ་ཡིས་གནས་དང་བྱེད་པ་དང་།།རྩོལ་བ་བསྐྱེད་དེ་དབུགས་འབྱུང་དང་། །ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ།།ཞེས་གསུངས་སོ།།འདི་ནི་ཤིན་ཏུ་གལ་ཆེ་སྟེ། གལ་ཏེ་འདིར་བརྗོད་ཀྱི་ཡི་གེ་དག་མིག་ཤེས་ཀྱིས་གཟུང་བྱའི་རི་མོ་ཞིག་ལ་ངོས་འཛིན་དུ་འཁྲུལ་ན་ཚེས་དང་པོ་ནས་འཆུགས་ན་བཅོ་ལྔའི་བར་ཞེས་པའི་དཔེ་ལྟར།ཡི་གེ་འདུས་པ་ལས་མིང་དང་ཚིག་དང་བརྗོད་པ་རྣམས་ཇི་ལྟར་གྲུབ་པའི་ཚུལ་གསལ་བར་བསྟན་པའི་སུམ་རྟགས་དག་དང་སྙན་ངག་མངོན་བརྗོད་སོགས་བོད་སྐད་ཀྱི་བརྡ་སྤྲོད་པའི་གཞུང་དག་ཀྱང་ཚིག་སྐམ་པོ་བློར་བཟུང་བ་ཙམ་ལས་དོན་ཅི་ཡང་གོ་རྒྱུ་མེད་པར་འགྱུར་རོ།། འོ་ན། གནས་དང་བྱེད་པའི་རྣམ་འགྱུར་ལས་འཁྲུངས་པའི་སྒྲ་གདངས་དེ་དག་མཚོན་བྱེད་དུ་ཡིག་རིས་སུ་བྲིས་པའི་གཟུགས་ཅན་ཀ་སོགས་ལ་ཡི་གེ་ཞེས་མི་འབོད་དམ་ཞེ་ན།ཀ་སོགས་སྐད་གདངས་མཚོན་བྱེད་ཀྱི་སྒྲའི་བརྡ་རྟགས་གཟུགས་ཅན་པ་རྣམས་ཡི་གེ་དངོས་མ་ཡིན་ཡང་།དཔེར་ན།ཤོག་ངོས་སུ་བྲིས་པའི་ཆུའི་རི་མོ་ལ་ཆུ་ཞེས་འབོད་པ་བཞིན་དུ། དེ་དག་ལའང་ཡི་གེ་ཞེས་པའི་མིང་འདོགས་རུང་ལ།དེ་ནི་རྣ་ཤེས་ཀྱི་མཉན་བྱའི་རྣམ་པ་ཅན་གྱི་སྒྲ་གདངས་ཡི་གེ་ནས་མིག་ཤེས་ཀྱི་གཟུང་བྱའི་རྣམ་པ་ཅན་དུ་བསྒྱུར་བའི་བྱེད་ལས་ཅན་ཞིག་སྟེ། སྒྲའི་ཡི་གེ་དང་ཁྱད་པར་འབྱེད་ཕྱིར་ཡི་གེ་བཏགས་པ་བ་དང་གཟུགས་ཀྱི་ཡི་གེ་ཞེས་འདོགས་པའང་ཡོད་ཅིང་། དེར་ཡུན་ཚད་མིག་འབྱེད་འཛུམ་ཅན་གྱི་སྒྲའི་རང་བཞིན་གྱི་ཡི་གེ་རྣམས་གཏན་ཆགས་པ་དང་།ཡུན་སྲིང་པ།ཡུལ་ལུང་སོ་སོའི་སྒྲ་གདངས་ཕན་ཚུན་གོ་བརྡ་མི་འཕྲོད་པའི་དཀའ་ངལ་སེལ་བ།སྐད་ཆ་གཅིག་གྱུར་དང་མཉམ་སྡེབ་བྱེད་པ།སྐད་ཆའི་ཉམས་པ་གསོ་བ་སོགས་བྱེད་ནུས་ཕུན་སུམ་ཚོགས་པ་ལྡན་ཡང་། སྤྲོས་ན་སྐབས་དོན་སྒྲིབ་པས་བཞག་གོ།།

མཚན་ཉིད་ཟུར་དུ་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པ་ཞེས་པ་ནི་འདིར་བརྗོད་པའི་ཡི་གེ་ཡིན་ན་ངེས་པར་དུ་སྐྱེ་བོའི་ངག་ལས་བྱུང་བའི་སྐད་ཀྱི་གདངས་ཡིན་ཡང་སྐྱེ་བོའི་ངག་ལས་བྱུང་བའི་སྒྲ་ཡིན་ཚད་འདིར་བརྗོད་ཀྱི་ཡི་གེ་ཡིན་པའི་ངེས་པར་མེད་དེ།ཡི་གེ་ཡིན་ན་སྐྱེ་བོའི་ངག་ལས་བྱུང་བའི་སྐད་ཀྱི་གདངས་ཡིན་པ་ཙམ་གྱིས་མི་ཆོག་པར་ད་དུང་ངེས་པར་དུ་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་དོན་གྱི་ཁྱད་པར་ཙམ་སྟོན་པའི་ཚིག་རྩོམ་པའི་གཞི་བྱེད་པའི་བྱེད་ལས་ཅན་ཞིག་ཡིན་དགོས་པའི་དོན་ནོ།།དེས་དཔེར་ན་སྐྱེ་བོའི་ངག་ལས་བརྗོད་པའི་སློབ་གྲྭ་དང་ཁང་པ་ལྟ་བུ་སོགས་ནི་འདིར་བརྗོད་པའི་ཡི་གེ་ཡིན་པའང་བཅད་དོ།།ཅི་ཕྱིར་ཞེ་ན།རང་ཉིད་མིང་ཡིན་པས་སོ།།དེ་ལྟར་ཡིན་ཏེ་ཡི་གེ་དང་དེ་ལས་གྲུབ་པའི་མིང་གཉིས་སྔ་ཕྱི་རྒྱུ་འབྲས་སུ་འབྲེལ་བ་གང་ཞིག་དེ་གཉིས་ནམ་ཡང་གཞི་མཐུན་དུ་འདུ་བའི་གནས་མེད་དེ།འདིར་མིང་ཚིག་ཡི་གེ་གསུམ་ནི་ངོ་བོའི་སྒོ་ནས་འགལ་ལོ།།དེ་བས་དཔང་བློ་གྲོས་བརྟན་པས་ཀྱང་།དོན་གྱི་ངོ་བོ་སྟོན་པ་མིང་།།དེ་ཡི་ཁྱད་པར་སྟོན་པ་ཚིག།གང་ཡང་མི་སྟོན་ཡི་གེའོ།།ཞེས་དོན་གྱི་ངོ་བོ་ཙམ་སྟོན་པ་ལ་མིང་དང་།དོན་གྱི་ཁྱད་པར་ཙམ་སྟོན་པ་ལ་ཚིག།དོན་གྱི་ངོ་བོ་དང་ཁྱད་པར་གང་ཡང་མི་སྟོན་པར་གདངས་ཙམ་གནས་པ་ལ་ཡི་གེ་ཞེས་གསུངས་སོ།།སྤྱིར་མིང་ཚིག་བརྗོད་པའི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཡིན་ན་རང་འབྲས་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཡིན་པས་མ་ཁྱབ་ཀྱང་།རང་འབྲས་མིང་ཚིག་གི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་སམ་ཆ་ཅན་མིང་གི་རྩོམ་བྱེད་ཀྱི་ཆ་ཤས་ཡི་གེ་ཡིན་ན་ངེས་པར་དུ་རང་ཉིད་རང་གི་མིང་ཙམ་ལས་བརྗོད་བྱའི་དོན་གཞན་ཅི་ཡང་མི་སྟོན་པ་ཞིག་གོ།འོ་ན་གསལ་བྱེད་ཁ་དང་ཇ་སོགས་ཀྱིས་གདོང་པའི་ཁ་དང་བཏུང་བའི་ཇ་སོགས་ཀྱི་དོན་སྟོན་པར་བརྗོད་པ་མ་མཐོང་ངམ་ཞེ་ན། ས་བོན་དང་ཆུ་ལུད་ལ་མྱུ་གུ་ཞེས་བརྗོད་པ་ལྟ་བུའི་གནས་མིན་གྱི་ལོག་རྟོག་ཆེན་པོ་སྟེ། ས་བོན་དང་ཆུ་ལུད་སོགས་མྱུ་གུ་ཡིན་ན་དེ་དག་འདུས་པ་ལས་མྱུ་གུ་འབྱུང་བའི་དོན་ཅི་ཡོད་དེ་མེད་དོ།།ཁ་ཅིག་གིས་སློབ་གྲྭ་དང་ཁང་པ་ལྟ་བུ་སོགས་ཀྱང་དབྱངས་དང་གསལ་བྱེད་ཡི་གེས་རྩོམ་གཞི་བྱས་ནས་བྱུང་བས་འདིར་བརྗོད་པའི་ཡི་གེ་ཡིན་ཞེས་འགྲེལ་བ་མཐོང་ཡང་།དེ་ནི་མཚན་ཉིད་ཟུར་གྱི་ཕྲད་དང་རྣམ་དབྱེ་ལ་གོ་བ་མ་ལོན་པར་སྣང་སྟེ།རྩོམ་གཞིར་གྱུར་པ་དང་རྩོམ་གཞི་ལས་བྱུང་བ་གཉིས་ལ་ཁྱད་པར་ཆེའོ། །

མདོར་ན། མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་ཡི་གེའི་ངོ་བོ་ནི་རྣ་ཤེས་ཀྱི་མཉན་བྱའི་སྒྲ་ཡིན་གྱི་མིག་ཤེས་ཀྱི་གཟུང་བྱའི་གཟུགས་ཅན་མ་ཡིན་པས། སྒྲར་ངོས་ཟིན་པ་ནི་བོད་ཀྱི་སྐད་ཡིག་གི་རྗོད་བྱེད་ཚིག་གི་གནས་ལུགས་བསྟན་པའི་བརྡ་སྤྲོད་རིག་པའི་གཞུང་ཡན་ལག་དང་བཅས་པའི་དོན་དཔྱིས་ཕྱིན་པར་རྟོགས་པའི་ལྡེ་མིག་ལྟ་བུ་སྟེ།ཡི་གེའི་ངོ་བོ་མིག་ཤེས་ཀྱི་གཟུང་བྱའི་རི་མོར་བསམས་པ་དག་གིས་གཞུང་དེ་རྣམས་ཀྱི་དོན་ཇི་བཞིན་དུ་རྟོགས་པ་དཀའ་ལ། ཁྱད་པར་དུ་བརྡ་སྤྲོད་པའི་རིགས་གཞུང་སུམ་རྟགས་གཉིས་ལ་འབད་ཀྱང་བྱིས་པས་ཨ་མའི་གཟུགས་བརྙན་ལས་འོ་མ་ལེན་པར་བརྩོན་པ་བཞིན་དུ་འགྲོ་ཞིང་།འབད་ནས་སྨྲ་བའི་རང་དབང་རྙེད་པའི་ཡིད་ཆེས་བྱུང་བ་རྣམས་ཀྱང་ནེ་ཙོའི་མ་ཎི་བཞིན་དུ་ཚིག་སྐམ་པོ་བློ་ལ་སྐྱོར་བ་ཙམ་ལས་མེད་དོ།།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། ཡེ་ཤེས་དབང་མོ།

甘孜藏族自治州职业技术学校 益西翁姆

  • ལེ་ཚན་སྔོན་མ།:རྩེད་འཇོའི་དམངས་སྲོལ་ལས་རྩེད་འཇོའི་རོལ་རྩེད་ཀྱི་ཁྱད་ཆོས།
  • ལེ་ཚན་རྗེས་མ།:སློབ་ཆུང་སློབ་མའི་རྩོམ་ཡིག་འབྲི་ཐབས་སྐོར་ལ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།