ཧྲེན་དབྱང་གིས་གནོད་འཚེ་ཐེབས་ཁུལ་དུ་རྟོག་ཞིབ་གནང་།

ཐུབ་ཀྱིས་བསྒྱུར།        2022-09-23

ཧྲེན་དབྱང་གིས་གནོད་ཐེབས་མང་ཚོགས་གནས་སྐབས་སྡོད་ས་བཀོད་སྒྲིག་ལས་དོན་ལ་རྟོག་ཞིབ་གནང་དུས།

མང་ཚོགས་ཀྱི་སེམས་གཏམ་དང་དོན་དངོས་ཀྱི་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བྱས་ནས་གནས་སྐབས་སྡོད་ས་བཀོད་སྒྲིག་ལས་དོན་ཁག་བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཉེན་མེད་གནས་སྡོད་དང་དྲོ་སྐྱིད་ལྡན་པའི་ངང་དགུན་བརྒལ་ཐུབ་པའི་འགན་ལེན་བྱ་དགོས་པའི་ནན་གསུང་གནང་།


     སྤྱི་ཟླ9ཚེས22ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དང་། གདན་ཐོག་གྲོང་རྡལ། སྡེ་དབུས་ཡུལ་ཤོག་བཅས་སུ་ཕེབས་ནས་གནོད་འཚེ་ཐེབས་རྗེས་གནས་སྐབས་སྡོད་ས་བཀོད་སྒྲིག་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་གཏམ་ལ་ནན་ཏན་ངང་ཉན་པ་དང་གཞི་རིམ་གྱི་ཏང་མི་ལས་བྱེད་པ་དང་བཞུགས་མོལ་བྱས་ཏེ་གནས་སྐབས་སྡོད་ས་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་བྱ་ཐབས་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་བ་རེད། ཁོང་གིས་ད་སྔར་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྐབས་སྡོད་ས་བཀོད་སྒྲིག་ཡག་པོ་བྱ་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། མི་དམངས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་ཏེ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་། མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་ཅིང་། ཚན་རིག་དང་མཐུན་པའི་ངང་སྒྲིག་འཛུགས་དང་རིགས་བགོས་ནས་སྲིད་ཇུས་ལག་ལེན་བསྟར་བ་དང་། སེམས་ནུས་གཅིག་སྒྲིལ་དང་གོ་རིམ་ལྡན་པའི་ངང་གནས་སྐབས་སྡོད་ས་བཀོད་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་གནོད་ཐེབས་མང་ཚོགས་ཉེན་མེད་གནས་སྡོད་དང་དྲོ་སྐྱིད་ལྡན་པའི་ངང་དགུན་བརྒལ་ཐུབ་པའི་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

     ཧྲེན་དབྱང་གདན་ཐོག་གྲོང་རྡལ་གྱི་ཨར་ལས་བྱ་ཡུལ་དུ་ཕེབས་ནས་ཨར་ལས་ཀྱི་འཕེལ་རིམ་དང་པང་ཁང་གི་བྱེད་ནུས། དེ་བཞིན་སྒྲིག་ཆས་ཀྱི་ལེ་ལག་ཆ་འགྲིག་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་དང་ཆབས་ཅིག། ཨར་ལས་སྡེ་ཚན་གྱིས་ཉིན་མཚན་ལྟོས་མེད་ངང་ལས་གཞི་སྤེལ་བར་བཀའ་དྲིན་ཆེ་ཞུས་པ་རེད། ཁོང་གིས་ད་ཆ་སྟོན་ཀའི་དུས་ཚིགས་སུ་སླེབས་ཤིང་གནམ་གཤིས་གྲང་དུ་འགྲོ་བཞིན་ཡོད། གནས་སྐབས་སྡོད་ས་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་གང་མགྱོགས་སྡོད་ཐུབ་མིན་དང་། པང་ཁང་ཉེན་མེད་དང་དྲོ་སྐྱིད་ལྡན་མིན་ནི་གནོད་ཐེབས་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ལ་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ལྕགས་ཟམ་རྫོང་དང་། དུང་དཀར་ལུང་པ་ལྗོངས་ཁུལ་དོ་དམ་ཅུས། སྡོད་ཁང་འཛུགས་སྐྲུན་སྡེ་ཁག་དང་ཨར་ལས་སྡེ་ཚན་བཅས་ཀྱིས་མཐོང་ཆེན་དང་མཉམ་ལས་དམ་ཟབ་བྱས་ཏེ། ཉེན་ཁ་མེད་པ་དང་སྤུས་ཚད་ཨང་དང་པོར་བཞག་ནས་ཨར་ལས་མི་སྣ་དང་སྒྲིག་ཆས་གཅིག་འདོམས་བཀོད་སྒྲིག་བྱས་ཤིང་ཚན་རིག་དང་མཐུན་པའི་ངང་སྒྲིག་འཛུགས་དང་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་ཆབས་ཅིག་བཀོད་སྒྲིག་བྱ་ཡུལ་གྱི་མི་གྲངས་དང་འཚམ་པའི་ཆུ་གློག་སྤྱད་རྒྱུ་དང་། གད་སྙིགས་གཙང་སེལ། བཙོག་འབུད་སྒྲིག་བཀོད་སོགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་སྟོན་དུས་ཆེན་གྱི་སྔ་རྗེས་སུ་མང་ཚོགས་གོ་རིམ་ལྡན་པའི་ངང་སྡོད་ཐུབ་པ་བརྩོན་ལེན་བྱ་དགོས་ཞེས་གསུངས།  

ཧྲེན་དབྱང་གིས་གནོད་འཚེ་ཐེབས་ཁུལ་དུ་རྟོག་ཞིབ་གནང་།
གནས་སྐབས་སྡོད་ས་བཀོད་སྒྲིག་བྱ་ཡུལ་གྱི་ཨར་སྐྲུན་ལས་ཡུལ་དུ་རྟོག་ཞིབ་གནང་བཞིན་པའི་ཚུལ།

     ད་སྔར་གནོད་འཚེ་ཕོག་པའི་མང་ཚོགས་ལ་དཀའ་ངལ་གང་ཞིག་འཕྲད་ཡོད་པ་དང་། གནས་སྐབས་སྡོད་ས་བཀོད་སྒྲིག་ཐད་རེ་ཞུ་གང་ཞིག་ཡོད་མིན་སོགས་ལ་ཧྲེན་དབྱང་གིས་དོ་ཁུར་ཧ་ཅང་ཆེན་པོ་གནང་། ཁོང་རི་བོ་གངས་དཀར་སློབ་ཆུང་གི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ནས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་སྐོར་བཀའ་འདྲི་གནང་བར་མ་ཟད། ཁོ་ཚོས་ཏང་ཨུ་དང་སྲིད་གཞུང་ལ་བཏོན་པའི་གྲོས་འགོར་གསན་པ་རེད། མང་ཚོགས་ཁག་ཅིག་གིས་སྟོན་ཐོག་ད་རུང་བསྡུ་མེད་པའི་གནས་ཚུལ་ཤེས་རྗེས། ཁོང་གིས་ས་གནས་དེ་གར་ཞིབ་འཇུག་ཐག་གཅོད་གང་ལེགས་བྱས་ཏེ་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་གོ་རིམ་ལྡན་པའི་ངང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཕ་ཡུལ་དུ་སྟོན་བསྡུ་བྱེད་སར་མངགས་ནས་ཁྱིམ་ཚང་གི་དཔལ་འབྱོར་གྱོང་གུན་ཉུང་དུ་གཏོང་གང་ཐུབ་བྱ་དགོས་པའི་མངགས་བཅོལ་གནང་བ་རེད། ཧྲེན་དབྱང་གིས་ས་འགུལ་བྱུང་རྗེས་མང་ཚོགས་དང་ཁ་བརྡ་བྱེད་ཐེངས་རེར་ཏང་ལ་བཀའ་དྲིན་ཞུ་བའི་སྐད་ཆ་མང་ཤོས་ཡིན་ཞིང་དཀའ་ངལ་བཤད་པའི་སྐད་ཆ་ཉུང་ཤོས་རེད། བབ་ཆགས་པའི་བརྩེ་སེམས་དེས་ང་ཚོར་ངེས་པར་དུ་ལས་དོན་སྒྲུབ་ཐུབ་པ་དང་བྱ་བ་ཡག་པོ་སྒྲུབ་པར་སྐུལ་མ་གཏོང་གི་ཡོད་ཅེས་གསུངས། ཁོང་གིས་ཚང་མས་སྤྲོ་སྣང་གི་བསམ་བློ་རྒྱུན་འཁྱོངས་ཏེ་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ཕན་ཚུན་རོགས་རེས་དང་དཀའ་གནད་མཉམ་སྒྲོལ་གྱིས་མཉམ་དུ་གནོད་ཆེན་དེ་ལས་རྣམ་པར་རྒྱལ་ནས་འཚོ་བ་སྔ་ཙམ་རྒྱུན་གཏན་དུ་ཡོང་ཐུབ་པའི་ཐུགས་རེ་གནང་། ཧྲེན་དབྱང་གིས་འབྲེལ་ཡོད་སྡེ་ཚན་ལ་འཚོ་བའི་དངོས་ཟོག་འགན་ལེན་སྔར་བས་ཡག་པོ་བྱས་ནས་གནས་སྐབས་སྡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བར་འགན་ལེན་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན། 

ཧྲེན་དབྱང་གིས་གནོད་འཚེ་ཐེབས་ཁུལ་དུ་རྟོག་ཞིབ་གནང་།
བཀོད་སྒྲིག་བྱ་ཡུལ་གྱི་གུར་ནང་དུ་གནོད་ཐེབས་མང་ཚོགས་དང་ཁ་བརྡ་བྱེད་བཞིན་པའི་ཚུལ།

     གཞི་རིམ་གྱི་ཏང་མི་ལས་བྱེད་པ་དང་བཞུགས་མོལ་གནང་སྐབས་ཧྲེན་དབྱང་གིས་ནན་གསུང་གནང་དོན། ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། དཀའ་ངལ་ཁྱད་བསད། ཕྱར་བ་གྲུ་འདེགས། ཏན་ཏིག་ངང་གནས་སྐབས་སྡོད་ས་བཀོད་སྒྲིག་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་དགོས། འཕྲལ་ཕུགས་ཟུང་དུ་འབྲེལ་བར་དོ་སྣང་བྱས་ནས་མང་ཚོགས་བཀོད་སྒྲིག་དང་། པང་ཁང་འཛུགས་སྐྲུན། སྡོད་ཁང་དང་ཨར་སྐྲུན་གྱི་ཉེན་མེད་གསལ་འབྱེད་བསྐྱར་བཤེར་ཡག་པོ་བཅས་བྱས་པའི་རྨང་གཞིའི་ཐོག་སྲིད་ཇུས་བཟོ་བ་དང་། ས་གཤིས་གནོད་འཚེ་བཅོས་སྐྱོང་། ལྗོངས་ཁུལ་སླར་གསོ། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་གྱི་རིམ་པ་སྤར་བ་སོགས་ཀྱི་ལས་དོན་དུས་གཅིག་ཏུ་འཆར་འགོད་བྱས་ནས་གནོད་རྗེས་བསྐྱར་སྐྲུན་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས། མཐིལ་ཚད་ཀྱི་བསམ་བློ་བརྟན་པོ་བཅངས་ནས་མི་སྣ་འདུས་སྡོད་ཁུལ་དང་། རི་ཉིལ་བ། གཞུང་ལམ་རྒྱུད་ངོགས་སོགས་གཙོ་གནད་ས་ཁོངས་ལ་དམ་པོར་དམིགས་ནས་མ་ཁེབས་ས་མེད་པར་མངོན་མེད་རྐྱེན་ངན་ཚགས་བཤེར་བྱས་ཏེ། ཉེན་གཡོལ་གནས་སྤོ་ཇུས་གཞི་བཟོས་ནས་ཞོར་ཐོན་གནོད་འཚེ་ཐོན་པ་ནན་འགོག་བྱ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དང་ཏང་མི་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སེམས་ནུས་ཡོད་རྒུ་བཏོན་ཏེ་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་ལ་ཤུགས་རྒྱག་པ། མང་ཚོགས་ཀྱིས་ལུགས་མཐུན་སྔོན་དཔག་བྱེད་པར་ཁྲིད་སྟོན་གང་ལེགས། གནོད་ཐེབས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་གྱིས་སེམས་ནུས་གཅིག་ཏུ་བསྒྲིལ་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱ་དགོས། 

     ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ལྕགས་ཟམ་རྫོང་དང་དུང་དཀར་ལུང་པ་ལྗོངས་ཁུལ་དོ་དམ་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་རྟོག་ཞིབ་ནང་ཞུགས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:དར་དཀར་པོ་སྤུན་མཆེད་གྲོགས་ལ་ཕུལ།།དྲིན་ཆེན་པོ་སེམས་སུ་གཏན་དུ་གནས།།
  • ལེ་ཚན་རྗེས་མ།:ཞིང་ཆེན་རིམས་ནད་འགོག་ཟོན་ཆེད་དོན་ལྟ་ཞིབ་ཚོ་ཆུང་རང་ཁུལ་དུ་བཅའ་སྡོད་བྱས་ནས་ལས་དོན་སྤེལ།
  • དོ་སྣང་ཆེ་བའི་རྩོམ།