འདས་པོ་བདེ་བར་གཤེགས།། གསོན་པོས་ངར་སྟོབས་སྐྱེད།།

སྐལ་བཟང་ཐུབ་བསྟན་གྱིས་བྲིས།        2022-09-15

    2022ལོའི་ཟླ་བ9པའི་ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ52ལ་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་བ་དང་། ཐེངས་འདིའི་ས་འགུལ་ཁྲོད་དུ་མི93རྐྱེན་ལམ་ཤོར་ཞིང་། མི25ལ་འབྲེལ་བ་ཆད་ཡོད། ང་ཚོས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཞུ་བ་དང་འགུལ་འགོག་གནོད་སྐྱོབ་ཀྱི་དཔའ་བོ་ཚོར་གུས་འདུད་ཞུ། རང་བྱུང་གི་གནོད་འཚེ་གང་རུང་གིས་འདོད་ཡོན་ལོངས་སྤྱོད་འབེལ་བའི་ས་གཞི་འདིར་ཚེ་ཚེ་རབས་རབས་ནས་འཚོ་ཞིང་གཞེས་པའི་མི་རྣམས་ཀྱི་གཉའ་གཅོག་མི་ཐུབ་ལ་དཔའ་བཀོང་མི་ནུས། འདས་པོ་བདེ་བར་གཤེགས་ཤིག། གསོན་པོ་ཚོས་ངར་སྟོབས་བསྐྱེད་དེ་མདུན་དུ་སྐྱོད་ཅིག།

    ས་འགུལ་གྱི་ཁྲོད་དུ། མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པའི་འདུ་ཤེས་ཀྱིས་སྟོབས་ཤུགས་ཆེན་པོ་ཞིག་གཅིག་ཏུ་བསྒྲིལ་ཡོད། ས་འགུལ་བྱུང་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་མ་ཐག་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོག་ལེན་བྱེད་ཅིང་ཕྱོགས་ཁག་གི་སྟོབས་ཤུགས་བསྡུས་ནས་འགུལ་འགོག་གནོད་སྐྱོབ་ཁྲོད་དུ་ཞུགས། རིམ་ཁག་ཏང་རྩ་འཛུགས་དང་ཏང་མི་ལས་བྱེད་པས་བྱ་སྤྱོད་མྱུར་དུ་སྤེལ་བ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། མེ་གསོད་རོགས་སྐྱོར། སྤྱི་བདེ། ཁྱད་འགན་འཁུར་མཁན་ཉེན་རྟོག་པ། སྨན་དོན་མི་སྣ་སོགས་དེ་མུར་གནོད་འཚེ་ཐེབས་ཡུལ་དུ་བསྐྱོད་དེ། ཚང་མས་ཡིད་གཉིས་ཚམ་ཚོམ་མེད་པར་དུས་ཚོད་དང་རྒྱུག་འགྲན་ཞིང་གཤིན་རྗེ་ལ་འགོག་རྒོལ་བྱས་ཏེ་ཁང་པ་ལོག་ཤུལ་དང་རི་ཉིལ་ཤུལ་ནས་འཆི་ལ་ཐུག་པའི་མང་ཚོགས་འབོར་ཆེན་གྱི་ཚེ་སྲོག་མྱུར་དུ་བསྐྱབས།

      ས་འགུལ་གྱི་ཁྲོད་དུ། ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན། ཕྱོགས་བརྒྱད་ནས་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་བསྐྱངས་ཏེ་བྱམས་བརྩེའི་དྲོད་ཆེན་ཕྱོགས་ཀུན་ཏུ་བསྩལ། ཀྲུང་དབྱང་གི་པུའུ་ཁག་དང་སྤུན་ཟླ་ཞིང་ཆེན་གྱིས་དུས་ཐོག་མ་དངུལ་དང་མཁོ་དངོས་སྤྲད་ཅིང་། ས་གནས་ཁག་གི་དགེ་སྒྲུབ་ལས་ཁུངས་དང་། ཐེབས་རྩ་ཚོགས་པས་རྒྱུ་དངུལ་འབོར་ཆེན་ཞལ་འདེབས་སུ་བསྡུས། དམངས་ཁྲོད་རྩ་འཛུགས་དང་ཁེ་ལས། དེ་བཞིན་བྱམས་སེམས་ཅན་གྱི་མི་སྣ་རྒྱ་ཆེན་གྱིས་ཞལ་འདེབས་ཕུལ། ཐོབ་ཐང་མི་འདྲ་བ་ལས་གྲུབ་པའི་དང་བླངས་པ་མང་པོ་གནོད་སྐྱོབ་ཁྲོད་དུ་ཞུགས་ནས་དང་བླངས་ཞབས་ཞུ་སྣ་ཚོགས་ཞུས། ཕྱོགས་བཞི་མཚམས་བརྒྱད་ནས་མཁོ་བའི་དངོས་རྫས་ཆུ་རྒྱུག་རྒྱུག་ལྟར་འབྱོར་ནས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་སེམས་ཁྲལ་མེད་པར་བྱས།

     ས་འགུལ་ཁྲོད་དུ། མི་བརྒྱ་སེམས་གཅིག་དང་ཕྱར་བ་གྲུ་འདེགས་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་བྱས་ཡོད། ནད་ཡམས་དང་རང་བྱུང་གི་གནོད་པ་སྣ་མང་ལ་འཕྲད་ཀྱང་ང་ཚོས་འགུལ་འགོག་གནོད་སྐྱོབ་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། དེ་སྔོན་ཁྲི་ཚང་ས་འགུལ་ཆེན་པོ་སོགས་ནས་བསགས་པའི་འགུལ་འགོག་གནོད་སྐྱོབ་ཀྱི་ཉམས་མྱོང་རྩ་ཆེན་བེད་སྤྱོད་གང་ལེགས་བྱེད་པ་དང་། འཚུབ་བསྟུན་བྱ་སྤྱོད་མྱུར་ཞིང་གོ་ཆོད་པ་དང་གནད་ལ་སྨིན་བ་སྤེལ་ཞིང་། དུས་ཐོག་དང་འཆར་གཞི་བམ་རིམ་ཡོད་པ། ཞིབ་ཅིང་ཕྲ་བའི་སྒོ་ནས་གནོད་ཐེབས་མང་ཚོགས་གནས་སྐབས་སྡོད་ས་བཀོད་སྒྲིག་ཡག་པོ་བྱས་ཐོག་ཞོར་ཐོན་གནོད་འཚེ་འབྱུང་བར་འགོག་ཟོན་གང་ལེགས་བྱས་ཡོད། ང་ཚོས་འགུལ་འགོག་གནོད་སྐྱོབ་དང་རིམས་ཚུལ་འགོག་ཟོན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་བྱས་ཏེ། རིམས་ཚུལ་དང་གནོད་སྐྱོན་གྱིས་དཔལ་འབྱོར་ལ་ཕོག་ཐུག་གཏོང་ཤུགས་ཇེ་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། དཀའ་ཉེན་ཇི་ཙམ་ཆེ་ན་ཉམས་སད་དེ་ཙམ་ཐེག་ཐུབ་པས་དཀར་མཛེས་ཁུལ་གྱི་མི་དམངས་ཚོས་འཇོན་ནུས་ཁྱད་འཕགས་ཅན་བཏོན་ཏེ་དཀའ་ཉེན་ལ་མི་སྐྲག་ཅིང་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པའི་བྱས་རྗེས་བཞག་ཡོད།

    འགུལ་འགོག་གནོད་སྐྱོབ་ཁྲོད་དུ། དཀར་མཛེས་ཁུལ་མི་དམངས་རྣམས་ཀྱི་དཔའ་ངར་ཞུམ་མེད་དང་འབད་འཐབ་ལྷོད་མེད་ཀྱི་དཔའ་བོའི་རང་གཤིས་མངོན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ལྟ་སྐྱོང་རོགས་རེས་དང་དཀའ་ཚེགས་མཉམ་སྒྲོལ་གྱི་སྲོལ་བཟང་མངོན་ཡོད། དེའི་རྗེས་སུ་གནོད་རྗེས་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་གསོའི་དུས་རིམ་ལ་སླེབས་པས། ང་ཚོས་མུ་མཐུད་དེ་འགུལ་འགོག་གནོད་སྐྱོབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ལག་ཟུང་གིས་ཁྱིམ་གཞིས་དྲོན་མོ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་དགོས་སོ།། 



  • ལེ་ཚན་སྔོན་མ།:བོད་ཀྱི་དེང་རབས་བརྩམས་སྒྲུང་གི་མ་འོངས་སྒྱུ་རྩལ་འཕེལ་ཕྱོགས་སྐོར།
  • ལེ་ཚན་རྗེས་མ།:རྩེད་འཇོའི་དམངས་སྲོལ་ལས་རྩེད་འཇོའི་རོལ་རྩེད་ཀྱི་ཁྱད་ཆོས།
  • དོ་སྣང་ཆེ་བའི་རྩོམ།