འགག་ལ་ཐུག་དུས་ཁྱེད་ཅག་ནི་རྟེན་སའི་རྒྱབ་རི་ཡིན།

ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།        2022-09-16

ལྕགས་ཟམ་ཁའི་ས་འགུལ་ཁྲོད་རུ་ཁག798དང་དང་བླངས་པ8733གྱིས་འགུལ་འགོག་གནོད་སྐྱོབ་ལས་དོན་བསྒྲུབས་ཚུལ་རགས་བཀོད།

འགག་ལ་ཐུག་དུས་ཁྱེད་ཅག་ནི་རྟེན་སའི་རྒྱབ་རི་ཡིན།

   སྟོད་ན་འབྲོག་སྡེའི་ཕྱུགས་ཀྱི་རུ་མ་ཐང་མར་བརྡལ་ཞིང་མར་ཕྱུར་བའི་འཕེལ་ཁ་བཟང་པོས་དཀར་འོ་མའི་རྒྱ་མཚོ་འཁྱིལ་ཞིང་། སྨད་ན་རོང་བའི་འབྲུ་དྲུག་གི་སྙེ་མ་རྒྱས་ཤིང་འབྲུ་བཟང་ལོ་ཡག་གི་ཡོང་སྒོ་མོད་པོས་མཛོད་ཆེན་པོ་ངང་གིས་གཏམས་ནས་རོང་འབྲོག་ཉི་ཟླ་ཁ་སྤྲོད་རང་བྱུང་གི་ལྗོངས་ཆེན་པོའི་གཞུང་ན་འཆམ་མཐུན་གྱི་མེ་ཏོག་བཞད་བཞིན་འཚོ་བའི་ནམ་ཟླ་སྟོན་གྱི་མཇུག་ཙམ་ལ། ས་ཆེན་པོ་ཁྲོ་བའི་འཕག་འཚག་ཐེངས་ཤིག་གིས་གངས་ཅན་ལྗོངས་ཀྱི་ཤར་མཐའ་ན་གནས་པའི་ལྕགས་ཟམ་རྫོང་དང་སྲིབ་སྨད་རྫོང་སོགས་ཀྱི་ཡུལ་གྲུར་བརྡབས་བསིགས་ཐེངས་ཤིག་བྱས། ཉམ་ཆུང་ཆུང་གི་མགོ་ནག་མི་ལ་འཇིགས་སྐྲག་གི་ཉེན་བརྡ་ཐེངས་ཤིག་བརྒྱབ་ནས་སྣོད་བཅུད་གཉིས་ལ་ཆག་སྒོ་བགྲང་ལས་འདས་པ་བཟོས་ནས་རིན་ཆེན་ཚེ་སྲོག་གྲངས་མང་ཕྱི་མའི་འཕྲང་ལ་ཁྲིད་པ་སོགས་མི་སྣ་ཤི་རྨས་ཚབས་ཆེན་ཐེབས། འདི་ནི་ཐོས་ན་འཇིགས་སྔངས་ཤིང་མཐོང་ན་ཡིད་སྐྱོ་བའི9.5ཉིན་ལ་ལྕགས་ཟམ་ཁར་བྱུང་བའི་ས་འགུལ་རེད།

   2022ལོའི་སྤྱི་ཟླ་བ9པའི་ཚེས5ཉིན་གྱི་ཉིན་གུང་ཆུ་ཚོད12དང་སྐར་མ52ཐོག། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དུ་ས་འགུལ་རིམ་པ6.8བྱུང་བ་རེད། རང་བྱུང་གི་འཇིགས་པ་འདི་བྱུང་མ་ཐག་ཀྲུང་དབྱང་དང་ཞིང་ཆེན།ཁུལ་དང་རྫོང་བཅས་ཀྱིས་གཟིགས་མཐོང་བྱས་ནས་རྨས་མ་མྱུར་སྐྱོབ་དང་འགུལ་འགོག་གནོད་སྐྱོབ་ལས་ཀ་རབ་དང་རིམ་པ་འཕྲལ་དུ་སྤེལ་ཡོད་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོང་ཆེན་བླ་ལྷག་ཏུ་གནང་ནས་མཛུབ་སྟོན་གལ་ཆེན་དང་འགུལ་འགོག་གནོད་སེལ་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་གནང་སྟེ། ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་ཧུར་ཐག་བྱ་དགོས་པའི་བླང་བྱ་བཏོན་གནང་བ་རེད། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གནོད་ཐེབས་མང་ཚོགས་ལ་ཉེན་སེལ་རོགས་སྐྱོབ་དང་རྨས་མ་བཅོས་སྐྱོབ། ཞོར་ཐོན་གནོད་འཚེ་འགོག་ཟོན་སོགས་ཀྱི་འགུལ་འགོག་གནོད་སྐྱོབ་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་དགོས་པའི་བླང་བྱ་བཏོན་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་སོགས་འབྲེལ་ཡོད་མགོ་ཁྲིད་ཀྱིས་འབྲེལ་ཡོད་ཕྱོགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མགྱོགས་མྱུར་ལག་བསྟར་དོན་འཁྱོལ་བྱས་ནས་འགུལ་འགོག་གནོད་སྐྱོབ་ཀྱི་ལས་དོན་སོ་སོ་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་ཡོད་པ་རེད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་བ་ཞིག་ཡིན་ལ། རང་རེའི་ཏང་གི་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པའི་འདུ་ཤེས་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་ཡིན་པར་བརྟེན། གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་དུ་བསྐྲུན་ཆེད་ཡིད་ཆེས་དང་སྟོབས་ཤུགས་ཆེན་པོ་བསྩལ་ཡོད་པ་རེད།

འགག་ལ་ཐུག་དུས་ཁྱེད་ཅག་ནི་རྟེན་སའི་རྒྱབ་རི་ཡིན།

   དུས་ཚོད་ནི་ཚེ་སྲོག་ཡིན་པའི་འདུ་ཤེས་སེམས་ལ་བཅངས་ཤིང་། ས་འགུལ་བྱུང་རྗེས་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་དུ་འདུས་འཛོམས་བྱས་ཤིང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང། བཟོ་ལས་དམག་དཔུང། མེ་ཟོན་རོགས་སྐྱོབ་རུ་ཁག། ནགས་ཚལ་མེ་ཟོན་རུ་ཁག། སྨན་བཅོས་རོགས་སྐྱོབ་རུ་ཁག། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་དང་བླངས་པ་སོགས་ལས་གྲུབ་པའི་ཞབས་ཞུའི་རུ་ཁག798ཀྱི་དང་བླངས་པ་མི་སྣ8733ས་འགུལ་གྱི་གནོད་ཐེབས་ས་ཁུལ་ཡུལ་དངོས་སུ་བསྐྱོད་ནས་ཚེ་སྲོག་མྱུར་སྐྱོབ་དང་འགུལ་འགོག་གནོད་སྐྱོབ་ཀྱི་ལས་ཀར་ཞུགས། རི་བོ་ཉིལ་ནས་གཙང་པོ་བཀག་ཀྱང་རོགས་སྐྱོབ་མི་སྣས་སྒོ་པང་གི་ཟམ་པ་དང་གདོང་མཆོང་གྲུ་གཟིངས། ཤིང་སྡོང་བཅད་ནས་ཟམ་པ་བཙུགས་པ་སོགས་ཆུ་ཐོག་སྒྲིག་ཆས་བཀོད་སྒྲིག་བྱས་ནས་ཆུའི་ཐོག་ནས་རོགས་སྐྱོབ་བགྲོད་ལམ་བཏོད་ཡོད། ཉེན་ཁའི་གནས་སུ་ལྷུང་བའི་མང་ཚོགས་བརྒྱ་ཚོ་མང་པོ་ཉེན་མེད་བདེ་འཇགས་ཀྱི་ས་གནས་སུ་བརྒྱུད་སྤོས་ཐུབ་པར་བྱས། ཐད་འཕུར་གནམ་གྲུ9འཚོལ་མྱུལ་དུ་འཕུར་ནས་མཁའ་དབྱིངས་ཀྱི་ཚེ་སྲོག་ལམ་བུ་བཏོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན། ཁུལ། རྫོང་དང་གྲོང་ཁྱེར་སོགས་ཀྱི་རྒྱ་བོད་སྨན་ཁང་གང་མང་གིས་གསོ་རིག་རོགས་སྐྱོབ་རུ་ཁག་བཀོད་སྒྲིག་བྱས་ནས་གནོད་འཚེ་ཐེབས་ཡུལ་དུ་རྨས་མ་བཅོས་སྐྱོབ་གནང་ནས་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཕན་བདེའི་བྱམས་བརྩེས་བཟང་པོས་ལུས་སེམས་གསོ་བའི་རོགས་དན་གང་མང་གནང་།

   སྤྱིར་ན་འབྱུང་བ་ས་ཡི་འཇིགས་པ་འདི་ནི་དུས་རབས་ཚན་རིག་གིས་སྔོན་དཔག་མི་ཐུབ་ལ་དུས་གསུམ་གསལ་ལེར་མཁྱེན་པའི་ལུང་བསྟན་པས་ཀྱང་ཚོད་དཔག་ཡེ་ནས་མི་ཐུབ་པའི་མགོ་ནག་མིའི་ཡུལ་གྱི་སྣོད་བཅུད་གཉིས་ལ་འབྱུང་བའི་གློ་བུར་བའི་ཆག་སྒོ་ཆེན་པོ་ཞིག་ཡིན་པས། གནའ་ནས་ད་བར་དུ་ས་ཆ་སྟོད་སྨད་བར་གསུམ། ཉི་མ་ཤར་ལྷོ་སྒང་དྲུག་ན་ས་འགུལ་གྱི་འཇིགས་པ་འདིས་འགྲོ་མིའི་སྤུན་ཟླ་མང་པོ་ཞིག་གི་ཚེ་སྲོག་ས་རུ་བརྡབས་ཤིང་རྒྱུ་ནོར་དོང་དུ་བླུགས་སོང་བའི་ལོ་རྒྱུས་དག་ལ་བལྟས་ན་འཇིགས་ཡེར་དགོས་ལ་དྲན་ན་ཤ་གསེང་རུས་གསེང་དུ་སྐྱོ་གདུང་མཆེད་འོང་བའི་གནས་ཤིག་ལགས་ལ། ཉེ་བའི་ལོ་བཅུའི་ཡར་མར་ནང་ལའང་ང་ཚོའི་ཉེ་འཁོར་གྱི་རྔ་བ་ཁུལ་གྱི་ཁྲི་ཚང་རྫོང་། ཁམས་ཡུལ་ཤུལ་ཁུལ་གྱི་སྐྱེ་དགུ་མདོ། གཡག་རྔ་གྲོང་ཁྱེར་གྱི་ལུའུ་ཧྲན་སོགས་སུ་རང་བྱུང་གི་འཇིགས་པ་འདི་གཅིག་རྗེས་གཉིས་མཐུད་དུ་བྱུང་ནས་མི་ཁྲི་སྟོང་མང་པོའི་རིན་ཆེན་ཚེ་སྲོག་འཕྲོག་ཅིང་ཕ་གཞིས་དྲོན་མོ་ཐང་ལ་བསྒྱེལ་ནས་མི་རྒྱུ་གཉིས་ལ་གོད་ཆགས་བསམ་ཡུལ་ལས་འདས་པ་བཏང་ཞིང་ལོ་རྒྱུས་དང་དུས་རབས་ཀྱི་བརྗེད་ཐབས་བྲལ་བའི་གསུབ་མེད་ཀྱི་སྐྱོ་གདུང་གི་རི་མོ་རེ་རེ་དུས་རབས་ཀྱི་སྒལ་པར་བྲིས་པ་ནི་ཅི་འདྲའི་འཇིགས་ཡེར་བ་ཞིག་མ་ཡིན་ནམ། ཡིན་ནའང་སྐྱིད་བྱུང་ན་རྟ་ཕོ་མཉམ་ཞོན།། སྡུག་བྱུང་ན་མདུང་མོ་མཉམ་གཏད་ཅེས་པའི་དཔེ་ལྟར། ཆག་སྒོ་འདི་འདྲའི་སྐབས་གོང་རིམ་སྲིད་གཞུང་གི་ཐུགས་རྗེ་ཉི་ཟེར་གནོད་ཐེབས་མང་ཚོགས་ལ་འཕྲོས་ནས་འགུལ་འགོག་གནོད་སྐྱོབ་བྱས་པ་དང་། ཆོས་སྡེ་ངུར་སྨྲིག་འཛིན་པའི་ཐུགས་རྗེའི་སྤྱན་ཟུང་དྲོན་མོ་ཉམ་ཐག་མི་སེར་ལ་གཟིགས་ནས་ས་འགུལ་གྱི་གནོད་འཚེས་རྐྱེན་ལམ་དུ་སོང་ཟིན་པའི་ཚེ་འདས་གཤིན་པོ་དག་ལ་སྙིང་རྗེ་ཆོས་སྦྱིན་གྱི་འཕོ་བ་དང་བསྔོ་སྨོན་ཟབ་རྒྱས་གནང་བ་སོགས་ཆོས་སྲིད་གཉིས་ཀྱི་ལམ་ནས་གནོད་ཐེབས་ས་ཁུལ་དུ་བྱིས་པ་དང་མང་ཚོགས་ལ་སེམས་གསོ་དང་། སེམས་ཁམས་ཁྲིད་སྟོན། འཚོ་བའི་ཞབས་ཞུ་བཅས་མཁོ་འདོན་གནང་ནས། ཕྱོགས་ཁག་སྟོབས་ཤུགས་མཉམ་དུ་སྤྱད་ཅིང་སེམས་མཐུན་ལས་སྒྲུབ་ཀྱི་སྟོབས་ཤུགས་དྲོད་ཁོལ་ལྡན་པ་གཅིག་ཏུ་བསྒྲིལ་ནས་གདུང་སེམས་མཉམ་བསྐྱེད་དང་ཕྱར་བ་གྲུ་འདེགས་གནངས་པས། གནོད་ཐེབས་ཀྱི་ཡུལ་གྲུ་དེ་དག་ཏུ་ད་ལྟར་སྡུག་གི་མུན་པ་མཐའ་ནས་སངས་ཤིང་། སྐྱིད་ཀྱི་ཉི་གཞོན་དགུང་ནས་ཤར་ཏེ་འཛུགས་སྐྲུན་དང་འཕེལ་རྒྱས་ཧ་ཅང་བཟང་པོ་སོང་ནས་མི་སྨོན་རང་སྐྱིད་ཀྱི་བདེ་སྐྱིད་ཀྱི་ཉི་མ་ཞིག་ཚེས་ནས་ཡོད་ལ། ཐེངས་འདི་ཡང་དེ་ལས་མ་འདས་པས་ཤུལ་དུ་ལུས་པའི་གནོད་ཐེབས་མང་ཚོགས་དག་གིས་མ་འོངས་པར་བདེ་སྐྱིད་གསར་པའི་ཉི་གཞོན་ཞིག་འཆར་བར་ཡིད་ཆེས་གནོངས་རོགས་མཛོད་དང་། ཁྱེད་ཅག་གི་མགོན་ན་གོང་རིམ་སྲིད་གཞུང་གི་ཐུགས་རྗེའི་འོད་ཟེར་དྲོན་མོ་རྟག་ཏུ་འཕྲོས་ནས་ཡོད་ལ། ཁྱེད་ཅག་གི་རྒྱབ་ན་འགུལ་འགོག་གནོད་སྐྱོབ་དང་། གནོད་འཚེ་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་བསྐྲུན་བྱེད་མཁན་གྱི་མི་སྣ་ཁྲི་སྟོང་མང་པོ་གཅིག་རྗེས་གཉིས་མཐུད་དུ་འགྲེང་ནས་ཡོད། ངུར་སྨྲིག་ཆོས་ཀྱི་སྡེ་ཆེ་ཆུང་དག་ནས་ཁྱེད་ཅག་ཤི་གསོན་ཀུན་ལ་ཐུགས་རྗེ་ཉེ་རིང་མེད་པར་གཟིགས་ནས་ཡོད། སྤྱི་ཚོགས་ལས་རིགས་ཁག་གི་བླ་སྤྲུལ་དང་གྲགས་སྐར། དྲྭ་གྲགས། དེ་བཞིན་ཚོང་པ་སོགས་སྔོན་ཐོན་མི་སྣ་ཕུལ་བྱུང་དག་གིས་དཀོན་མོའི་རྒྱུ་ཕུད། དཀའ་མོའི་ཚེགས་ཕུད་ནས་ཁྱེད་ཅག་གི་འདས་མ་ད་གསུམ་ལ་གཟིགས་ནས་ཡོད་པས། ཁྱེད་ཅག་འཇིགས་མི་དགོས་ལ། ཁྱེད་ཅག་དངངས་མི་དགོས། ཁྱེད་ཅག་ནི་ལས་ངན་ནང་གི་ལས་ཅན་རེད། གནོད་ཐེབས་ཡུལ་གྲུའི་མི་སེར་ཚོ། སྙིང་ལ་རུས་པ་བསྐྱེད་ནས་མདུན་དུ་སྐྱོད་ཅིག།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ལྕགས་ཟམ་རྫོང་དུ་གནོད་སྐྱོབ་ལས་ཀར་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།