ཞི་ཅིན་ཕིང་གིས་གྲོང་ཁྱེར་ལོ་རྒྱུས་རིག་གནས་སྲུང་བར་འདི་ལྟར་གསུངས།

ཨོ་རྒྱན་གྱིས་བསྒྱུར།        2022-09-15

“རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་ཡག་པོ་བྱ་དགོས”།

     སྲང་ལམ་དང་ཁང་པ་བཞི་བསྐོར་ནི་དཔེ་མཚོན་གྱི་རིག་གནས་མཚོན་རྟགས་ཤིག་ཡིན་པའི་ཆ་ནས་པེ་ཅིང་གི་ལོ་ངོ་སྟོང་གི་གནའ་གྲོང་འཕོ་འགྱུར་གྱི་བདེན་དཔང་བྱས་ཡོད་ལ། དེའི་འཚོ་གནས་དང་འཕེལ་རྒྱས་ཀྱི་གནད་དོན་ལ་ཡང་ཐོག་མཐའ་བར་གསུམ་དུ་མི་རྣམས་ཀྱིས་དོ་སྣང་བྱེད་བཞིན་ཡོད།

     སྤྱི་ལོ2014ལོའི་ཟླ་བ2པའི་ཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་ཡུས་ཧོ་གཙང་པོའི་འགྲམ་གྱི་ཡུས་ཨར་སྲང་ལམ་དུ་ཕེབས་ནས་སྔ་རྗེས་སུ་སྒོ་རྟགས་ཨང29པ་དང་ཨང30པའི་སྣ་མང་ཁང་དུ་ཕེབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྲང་ལམ་འདི་ང་ལ་རྒྱུས་མངའ་ཆེན་པོ་ཡོད། དེ་རིང་ཁྲོམ་གཞུང་རྙིང་པར་ལྟ་བར་ཡོང་ནས་གྲོང་ཁུལ་རྙིང་པའི་བསྒྱུར་བཀོད་ཐད་ལ་ཚང་མའི་བསམ་ཚུལ་ཉན་འདོད་འདུག”ཅེས་གསུངས།

     གྲོང་པ་རྙིང་པ་འཕེལ་རྒྱས་གཏང་དགོས་པ་དང་ཡུལ་མིའི་འཚོ་བ་ལེགས་སུ་གཏང་དགོས་ཀྱི་ཡོད། ཇི་ལྟར་བྱས་ནས་ཁྲོམ་གཞུང་རྙིང་པའི་མི་རྣམས་ཀྱིས་འཚོ་བ་སྐྱིད་པོར་བཅངས་པའི་རེ་བ་སྐོང་ཐུབ་ལ་གྲོང་ཁྱེར་རིག་གནས་ཀྱི་དྲན་ཤེས་རྒྱུན་འཛིན་ཐུབ་པ་དང་ལོ་རྒྱུས་རིག་གནས་ཀྱི་འབྲེལ་བ་ཡང་རྒྱུན་མཐུད་ཐུབ་བམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་གཞིག་ཟབ་མོ་གནང་ཡོད།

     2014ལོའི་ཟླ་བ2པའི་ཚེས25ཉིན་ལ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ནི་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་གནའ་གྲོང་ཞིག་ཡིན་པ་དང་ལོ་རྒྱུས་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པ་ནི་གསེར་གྱི་མིང་བྱང་ལྟ་བུ་ཞིག་ཡིན་པས་ལོ་རྒྱུས་རིག་གནས་ཤུལ་བཞག་རྩ་ཆེན་དེ་བརྒྱུད་འཛིན་དང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་རྒྱལ་སའི་འགན་འཁྲི་ཞིག་ཡིན་པས་ལོ་རྒྱུས་ལ་འགན་ཁུར་བ་དང་མི་དམངས་ལ་འགན་ཁུར་བའི་སྙིང་སྟོབས་ཐོག་ནས་ལོ་རྒྱུས་ཀྱི་ཡིག་རིགས་བརྒྱུད་འཛིན་བྱ་དགོས་ཞེས་གསུངས་པ་རེད།

     “རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་ཡག་པོ་བྱ་དགོས།” སྤྱི་ཁྱབ་ཧྲུའུ་ཅིའི་གསུང་ཚིག་བརྗིད་ཅིང་བརྟན།

     “སྲང་ལམ་དང་ཁང་པ་བཞི་བསྐོར་ནི་བྱང་ཕྱོགས་ཀྱི་སྲོལ་རྒྱུན་གྲོང་མིའི་སྡོད་ཁང་གི་མཚོན་བྱེད་ཡིན་ལ་གྲོང་ཁྱེར་དང་ཁྲོན་པའི་རིག་གནས་ཀྱི་མཚོན་བྱེད་ཀྱང་ཡིན་པས་སྲུང་སྐྱོང་གི་རིན་ཐང་གལ་ཆེན་ལྡན་ཡོད། པེ་ཅིང་གི་སྲང་ལམ་མང་ཆེ་བ་འཛུགས་སྐྲུན་དང་མཉམ་དུ་བྱུང་བ་དང་ཁྲོམ་གཞུང་ནས་སྲང་ལམ་བར་མིག་མངས་ཀྱི་སྒྲོམ་གཞི་གྲུབ་ཅིང་གྲོང་ཁྱེར་རྙིང་པའི་རུས་སྒྲོམ་དང་ཁྲག་རྩར་ཆགས་ཡོད”ཅེས་པེ་ཅིང་གྲོང་ཁྱེར་གནའ་རབས་འཛུགས་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་གི་མགོ་གཙོ་ཀྲང་ཡའོ་ཡིས་དེ་ལྟར་བཤད།

     སྲང་ལམ་དང་སྒོ་རའི་རྣམ་པ་སྲུང་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་གནའ་གྲོང་དུ་གོ་རིམ་ལྡན་པའི་ངང་དོན་འཁྱོལ་བྱས་ཡོད་དེ།《པེ་ཅིང་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད(2016ལོ་ནས2035ལོ་བར)》བཏོན་ནས་གྲོང་ཁུལ་རྙིང་པ་བཤིག་མི་རུང་བ་དང་། ཕྱིར་བཤུག་དང་ཉམས་གསོའི་བཟོ་སྐྲུན་བྱས་ཏེ་སྲུང་སྐྱོང་བྱ་དགོས་རིགས་སྲུང་ཐུབ་པ་བྱས་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི《པེ་ཅིང་གི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་སྲོལ་ཡིག》ལག་ལེན་བསྟར་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་གི་དངོས་ཡོད་རང་བཞིན་དང་། ལོ་རྒྱུས་བཟོ་བཀོད་ཀྱི་ཆ་ཚང་རང་བཞིན། སྤྱི་ཚོགས་འཚོ་བའི་རྒྱུན་མཐུད་རང་བཞིན། གྲོང་ཁྱེར་ནུས་པའི་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོང་བྱས་པ་རེད།

     ཡུས་ཨར་སྲང་ལམ་བསྒྱུར་བཀོད་ལས་གྲྭའི་ཡུལ་དངོས་འགན་འཁུར་བ་པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་སྤྱི་གཉེར་ཁང་གི་བཟོ་བཀོད་པ་ཀྲེན་ཐེན་ཧྲེན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས།“ཁང་པ་རྙིང་པའི་གནའ་ཉམས་སོར་འཇོག་བྱ་ཆེད། ཨར་སྐྲུན་གྱི་གྲུབ་ཆ་རྙིང་པ་མང་པོ་ཞིག་སྟབས་བདེའི་ངང་བརྗེ་རྒྱུ་མིན་པར་སྲོལ་རྒྱུན་གྱི་རྒྱུ་ཆ་ཆེད་དུ་འཚོལ་བསྡུ་བྱས་ནས་སྲང་ལམ་གྱི་ཁྱད་ཆོས་ལ་གཞིགས་ཏེ་སྲོལ་རྒྱུན་གྱི་ལག་རྩལ་སྤྱད་དེ་ཉམས་གསོ་བྱེད་ཀྱི་ཡོད། སྔོན་ཆད་ངས་རྟག་ཏུ་བཟོ་སྐྲུན་ཉམས་གསོ་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་རེས་ངས་གྲོང་ཁྱེར་ཞིག་ཉམས་གསོ་བྱེད་བཞིན་ཡོད་པའི་ཚོར་བ་བྱུང་ཞིང་། གྲོང་ཁྱེར་དེའི་དཔལ་ཡོན་རྨང་མཐིལ་གསོ་བ་དང་གྲོང་ཁྱེར་དེའི་སེམས་ཀྱི་རྨ་ཁ་གསོ་བཞིན་ཡོད་ཅེས་བཤད་པ་རེད།

སྲང་ལམ་རྙིང་བ་དག་གི་འཛུགས་སྐྲུན་བཀོད་པ་དང་སྒྲིག་སྲོལ་གྱི་རྣམ་པ་སླར་གསོ་བྱུང་བ་དང་བསྟུན་ནས། ཡུན་རིང་ལ་བཀག་སྡོམ་བྱས་པའི་གནའ་བོའི་གཏམ་རྒྱུད་དག་རིམ་གྱིས་དྲན།“སྲང་རྙིང་ལྗོན་ཤིང་བརྟེན་པའི་ཁང་རྒན་འཇགས”ཞེས་པའི་ཉམས་འགྱུར་བསྐྱར་དུ་འཕེལ།

     ཡུས་ཨར་སྲང་ལམ་གྱི་སྒོ་ར་ཨང30པའི་ནང་གི་གྲོང་མི་རྒན་གྲས་ཁྲུང་པའོ་ཚའེ་སྡོད་ཁང་ཆུང་ངུའི་སྟར་སྡོང་འོག་ཏུ་བསྡད་དེ་སྒོ་རའི་ནང་གི་སྟོན་གྱི་སྦ་ཤིང་དང་། དགུན་གྱི་ཁ་བ། དཔྱིད་ཀྱི་ཆར་བ། དབྱར་གྱི་པད་མའི་མེ་ཏོག་སོགས་ཞིབ་ཏུ་རྩི་བཞིན་ཡོད་ལ། ལོ་གཅིག་དུས་བཞི་ཚང་མ་མཛེས་ལྗོངས་ཡག་པོ་ཤ་སྟག་ཡིན།

     ལོ30ལྷག་གི་གོང་ལ་ཁྲུང་པའོ་ཚའེ་ཡི་ནང་མི་གསུམ་པོ་སྒོ་ར་ཨང30པར་སྤོ་སྐབས་སྨི་གྲུ་བཞི་མ300ཙམ་ཡོད་པའི་སྒོ་རའི་ནང་གྲོང་མི་དུད་ཚང14བསྡད་ཡོད། སྒེར་གྱིས་འཛུགས་སྐྲུན་གང་བྱུང་བྱེད་པ་ནི་ཧ་ཅང་ཚབས་ཆེན་ཞིག་ཡིན་ཞིང་། སྲང་ལམ་སྡོམ་རྒྱ་ལྟར་ཚགས་དམ་པའི་ནང་ཁང་པ་ཟང་ཟིང་དུ་གྱུར་ནས་རྙོག་འཛིང་ཆེན་པོ་རེད།

     “ལོ་འདི་དག་ནང་ཉམས་གསོའི་བསྒྱུར་བཀོད་བྱས་པར་བརྒྱུད་ང་ཚོའི་ཁང་པ་བཞི་བསྐོར་ལ་དྲོད་སྐྱིད་འཛོམས་བྱུང་ལ། སྒེར་གྱི་དྲོད་ཁང་མེད་པར་ཆགས་ནས་སྒོ་ར་ཆེན་པོ་དེ་རང་ཉིད་ཀྱིས་ཡིད་སྨོན་བྱེད་པའི་ཀྲུང་ལུགས་ཀྱི་སྒོ་ར་ཞིག་ཏུ་གྱུར་ཡོད། ཉི་འོད་ཁང་བའི་ནང་འཕྲོ་བཞིན་པའི་སྐབས་སུ་སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་ལོ71ལ་སོན་པའི་བགྲེས་སོང་ཁོང་གི་གདོང་ནས་གཉེར་མ་བསྡུས་ཤིང་འཛུམ་མདངས་འཕྱུར་བཞིན་དེ་ལྟར་བཤད།

     2019ལོའི་ཟླ་བ2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་པེ་ཅིང་སྲང་ལམ་དུ་ཕེབས་པ་རེད། མདུན་སྒོའི་ཤར་ཁུལ་རྩྭ་ཁང་སྲང་ལམ་བཞི་རུ་སྤྱི་ཁྱབ་ཧྲུའུ་ཅིས“པེ་ཅིང་གི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་གང་དུ་ཡོད་པ་རེད། དེ་ནི་སྲང་ལམ་རེད། གལ་ཏེ་པེ་ཅིང་གི་སྲང་ལམ་ཚང་མ་མེད་པར་གྱུར་ནས། ཚང་མ་ཐོག་བརྩེགས་ཁང་ཆེན་དུ་གྱུར་སོང་ན། ཕ་ཡུལ་དྲན་པའི་སྐྱོ་སེམས་ཡོད་ག་ལ་སྲིད། ང་ཚོས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་པར་རིག་གནས་ཀྱི་རྨང་གཞི་འདི་སོར་འཇོག་བྱ་དགོས་ལ། སྲང་ལམ་གྱི་སྡོད་དམངས་ཀྱང་དེང་རབས་ཀྱི་འཚོ་བ་རོལ་དུ་བཅུག་དགོས་ཤིང་། དེ་གཉིས་ཟུང་འབྲེལ་ཡག་པོ་བྱ་དགོས།”ཞེས་གསུངས།

     སོ་ཕག་སྔོན་པོ་དང་རྫ་གཡམ་སྐྱ་བོ། སྒོ་དམར་ཆ་ཡིག་དང་། རྡོ་རིས་རྙིང་པ། རྩི་ཤིང་མེ་ཏོག་རྒྱས་པ་སོགས་ཏེ། རྩྭ་ཁང་གི་སྲང་ལམ་བཞི་པོའི་ནང་དུ་སོ་ཕག་རེ་རེ་དང་རྫ་གཡམ་རེ་རེས་ཀྱང་རྒྱལ་ས་རྙིང་པའི་འཕོ་འགྱུར་གླེང་བཞིན་ཡོད།

     རིག་གནས་སྦྱངས་པ་ཐོབ་ནས་སྤྱོད་ཚུལ་སྐྱོང་།། ཡ་རབས་ཚུལ་ལྡན་འཁྱོངས་ན་ཁྱིམ་གཞིས་དར།། ཁོག་ཡངས་བཟོད་སྒོམ་ཡོད་ན་ཀུན་སྤྱོད་འཕེལ།། བརྙས་བཅོས་བྱེད་སེམས་མེད་ན་རང་སེམས་འཇགས།། སྤྱོད་ཡོན་ལ་རྒྱ་འཛོམས་ཤིང་དཔལ་འབར་བས།། ལག་ལེན་ཁྲོད་ནས་ལོངས་སྤྱོད་རང་ཤུགས་དར།། ཞེས་པ་ལ་སོགས་པ་ཁང་པ་བཞི་བསྐོར་གྱི་སྒོ་ངོས་སུ་བརྐོས་ཡོད་པའི་ཆ་ཡིག་ནང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་གཞི་རྒྱུ་འདུས་ཡོད། རྩྭ་ཁང་སྲང་ལམ་གྱི་གྲོང་མི་ལི་ཚའེ་ཞན་གྱིས་ཆ་ཡིག་དེ་དག་རེ་རེ་བཞིན་དཔེར་བསྟན་ནས་སྤོབས་པ་ཆེན་པོས“ཁྱིམ་སྲོལ་དང་ཁྱིམ་སློབ་དེ་དག་ནི་ཕྲུ་གུ་ཚོའི་འཚར་ལོངས་ཁྲོད་ཀྱི་མཚོན་སྲུང་ཡག་ཤོས་དེ་རེད”ཅེས་བཤད། ཆ་ཡིག་ཕུད་སྲང་ལམ་དུ་ད་དུང་མེ་ཏོག་བརྐོས་ཡོད་པའི་སོ་ཕག་གི་གྱང་དང་། སྒོ་རྒྱན་དང་སྒོ་གདན། སྒེའུ་ཁུང་སོགས་ཡོད། སྲོལ་རྒྱུན་གྱི་རྟགས་ཐེམ་འདིས་ར་སྐོར་འདི་ལ་ཚེ་སྲོག་བསྩལ་ཡོད།

     ཡུས་ཨར་སྲང་ལམ་དང་རྩྭ་ཁང་ས་ཁུལ་གྱི་འཕོ་འགྱུར་ནི་མཚོན་བྱེད་ཀྱི་རི་མོ་ཞིག་རེད། ད་ལྟའི་ཆར། མཆོད་རྟེན་དཀར་པོའི་དགོན་གྱི་ཕོ་བྲང་གི་སྒོ་འགྲམ་གྱི་ཤར་ནུབ་སྲང་ལམ་དང་། ཕེ་ཡུས་སྲང་ལམ། ཀྲུའུ་ཀྲུང་སྲང་ལམ་སོགས་སྲང་ལམ་རྙིང་པ་ཁག་གཅིག་ལ་འགྱུར་ལྡོག་ཕྱིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོ་ནས་བཟུང་པེ་ཅིང་གྲོང་ཁྱེར་གྱི་ཁྲོམ་གཞུང་དང་སྲང་ལམ་ཆུང་གྲས3900ལྷག་ཙམ་གྱི་ཁོར་ཡུག་རྣམ་པ་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་ཡོད། པེ་ཅིང་ཅིང་ཧྲན་རི་བོར་འགོས་ནས་གྲོང་ཁྱེར་ཧྲིལ་པོར་ལྟ་སྐབས་སྲང་ལམ་སྟོང་ཕྲག་མང་པོ་འཕྲེད་གཞུང་བསྣོལ་མར་གནས་པ་དང་། གནའ་བོའི་ཉམས་འགྱུར་དང་རྣམ་པ་གསར་པ་མཉམ་དུ་འདྲེས་ཤིང་། མི་སྣ་གྲགས་ཅན་གྱི་བཞུགས་གནས་རྙིང་པ་དང་། ཟློས་གར་གླིང་གི་འགྲེམས་ཁང་། ལོ་བརྒྱའི་ལོ་རྒྱུས་ཡོད་པའི་ཟ་ཁང་དང་ཚོང་ཁང་། གཟུགས་མེད་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་སོགས་ལོ་རྒྱུས་རིག་གནས་ཀྱི་གཞི་རྟེན་སྐར་ཚོགས་ལྟར་ཁྱབ་པ་དང་གནའ་བོའི་གྲོང་སྡེའི་རིག་གནས་གང་སར་ཁྱབ་ཡོད།

     དཔྱིད་ཀར་རྩྭ་རྩི་ཏོག་རྒྱས་ལ་སྟོན་ཀར་མེ་ཏོག་གི་འདབ་མ་འཐོར་ཅིང་། སྲང་ལམ་དང་ཁང་པ་བཞི་བསྐོར་ནང་གི་རིག་གནས་ཀྱི་ཁོར་ཡུག་བཟང་མོ་ལོ་ཟླའི་ཁྲོད་དུ་སིམ་ཞིང་སྲིང་།“སྲང་ལམ་གྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ངས་ཕྲུ་གུ་ཚོ་མཉམ་དུ་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་འདི་གའི་མི་ཆོས་དང་རིག་གནས་ཀྱི་བྲོ་བ་སྲུང་སྐྱོང་དང་བརྒྱུད་འཛིན་ཡག་པོ་བྱ་རྒྱུ་ཡིན”ཞེས་ཁྲུང་པའོ་ཚའེ་ཡིས་དེ་ལྟར་བཤད།།



  • ལེ་ཚན་སྔོན་མ།:ལོ་ངོ་700ཡི་ལོ་རྒྱུས་ཡོད་པའི་བོད་ཀྱི་མཁར་རྫོང་གྲོང་ཚོ་ཞིག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10