སི་ཁྲོན་གྱིས་བར་བརྒལ་བཀོད་སྒྲིག་དང་བསྐྱར་སྐྲུན་བྱེད་འགོ་ཚུགས།

ཨ་མགོན་གྱིས་བསྒྱུར།        2022-09-14

   སྤྱི་ཟླ9པའི་ཚེས12ཉིན། ལྕགས་ཟམ་ཁར་འགུལ་འགོག་གནོད་སྐྱོབ་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར(ཁུལ)རྫོང་བཅས་ཀྱི་ལས་གྲྭ་དང་པོའི་མཉམ་འབྲེལ་བཀོད་འདོམས་པུའུ་ཡིས་འབོ་ཞབས་གྲོང་རྡལ་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་འགུལ་བརྡ་ལེན་བྱེད་མཚམས་འཇོག་པའི་འབྲེལ་ཡོད་གཏན་འབེབས་ལྟར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མོས་མཐུན་གནང་ནས་ཞིང་ཆེན་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡིས2022ལོའི་སྤྱི་ཟླ9པའི་ཚེས12ཉིན་གྱི་ཆུ་ཚོད18ནས་བཟུང་། ཞིང་ཆེན་རིམ་པའི་ས་འགུལ་གྱི་རིམ་པ་དང་པོའི་འཚུབ་བསྟུན་བརྡ་ལེན་བྱེད་མཚམས་བཞག་ནས་འཚུབ་བསྟུན་རོགས་སྐྱོབ་བྱེད་པའི་དུས་རིམ་ནས་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་བྱེད་པའི་དུས་རིམ་དུ་བསྒྱུར་རྒྱུའི་གཏན་འབེབས་བྱས་པ་རེད།

   མིག་སྔར་གནོད་འཚེ་ཐེབས་ཁུལ་དུ་མི་སྣ་རེས་སྐོར་མང་པོ་བྱས་ནས་ཚགས་བཤེར་འཚོལ་སྐྱོབ་བྱས་པ་དང་། གནོད་འཚེ་ཐེབས་པའི་མང་ཚོགས་གཞི་རྩའི་ཐོག་བརྒྱུད་སྤོས་བཀོད་སྒྲིག་འོས་འཚམ་བྱས་ཤིང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཅུང་ཡག་པོ་བྱས་པ་དང་འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་མང་ཆེ་བ་སླར་གསོ་བྱས་པ་དང་ཆབས་ཅིག། ས་འགུལ་གྱི་ཞོར་ཐོན་གནོད་འཚེ་ཚགས་བཤེར་བརྡས་ཐག་བཅད་པ་རེད། སྤྱི་ཡོངས་ནས་བལྟས་ན།གནོད་འཚེ་ཐེབས་ཁུལ་གྱི་གོ་རིམ་སོ་སོ་རིམ་བཞིན་རྒྱུན་ལྡན་དུ་སླར་གསོ་བྱུང་བཞིན་ཡོད་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། བརྡ་ལེན་བྱེད་མཚམས་འཇོག་རྗེས་རིམ་པ་སོ་སོ་དང་འབྲེལ་ཡོད་སྡེ་ཚན་སོ་སོས་རྗེས་མཐུད་ལས་དོན་རྒྱུན་མཐུད་དུ་ཡག་པོ་སྒྲུབ་བཞིན་ཡོད་པ་རེད། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་རྨས་ནས་རྐྱེན་ལམ་དུ་ཤོར་མཁན་དང་དབང་པོ་སྐྱོན་ཅན་གྱུར་མཁན་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་པའི་དུས་མཚུངས་སུ། གཙོ་གནད་ས་ཁུལ་ལ་མུ་མཐུད་ནས་ཚགས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་བ་ཆད་པའི་མི་སྣ་རྩད་འཚོལ་ཧུར་ཐག་བྱས་དང་བྱེད་བཞིན་ཡོད་པ་རེད། མང་ཚོགས་གནས་སྐབས་བར་བརྒལ་བཀོད་སྒྲིག་འོས་འཚམ་བྱས་ཏེ་མུ་མཐུད་ནས་དངོས་ཟོག་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། དགུན་དཔྱིད་དུས་ཀྱི་རོགས་སྐྱོབ་འགན་ལེན་སྔ་སྣུར་དུ་ཇུས་འགོད་བཅས་བྱས་པ་རེད། མུ་མཐུད་ནས་གཞུང་ལམ་དང་གློག་ཤུགས། ཆུ་བེད། འཕྲིན་གཏོང་སོགས་ས་འགུལ་གྱི་གཏོར་འཚེ་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་སླར་གསོ་བྱས་དང་བྱེད་བཞིན་ཡོད། ས་འགུལ་དང་གནམ་གཤིས། ཆུ་དཔྱད་བཅས་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་བརྒྱབ་ནས་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ཚགས་བཤེར་དང་ཁང་པའི་སྒྲིག་བཀོད་ཉེན་མེད་ཆོད་སྡོམ་ཡག་པོ་བྱས་ཏེ་ཞོར་ཐོན་གནོད་འཚེ་ཐོན་ནས་མི་སྣ་ཤི་རྨས་མཐའ་གཅིག་ཏུ་མི་ཡོང་བ་བྱས་པ་རེད། གནོད་སྐྱོན་གྱི་གྱོང་གུན་ཕྱོགས་བསྡུས་ཆོད་སྡོམ་བྱས་པར་སྐུལ་འདེད་ཇེ་མགྱོགས་གཏོང་བ་དང་། མང་ཚོགས་ཀྱིས་ཐོན་སྐྱེད་རང་སྐྱོབ་བྱེད་པར་སྐུལ་མ་དང་རོགས་རམ་བྱས་ཏེ་ཚན་རིག་དང་མཐུན་པར་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་སྐྲུན་འཆར་འགོད་བྱས་དང་བྱེད་བཞིན་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།
  • ལེ་ཚན་རྗེས་མ།:འབོ་ཞབས་གྲོང་རྡལ་དུ་སྐབས་སྡོད་པང་ཁང་སྐྲུན་འགོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10