ཝང་ཞའོ་ཧུའེ་ཡིས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་ལ་མཛུབ་སྟོན་གནང་།

ཨ་མགོན་གྱིས་བསྒྱུར།        2022-09-13

ཝང་ཞའོ་ཧུའེ་ཡིས་ལྕགས་ཟམ་རྫོང་དུ་གནོད་འཚེ་ཐེབས་པའི་མང་ཚོགས་བར་བརྒལ་བཀོད་སྒྲིག་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས། 

བར་བརྒལ་བཀོད་སྒྲིག་གི་ལས་དོན་ཁག་དམ་འཛིན་ཞིབ་ཚགས་བྱས་ནས་གནོད་འཚེ་ཐེབས་པའི་མང་ཚོགས་ཚང་མ་ཉེན་མེད་བདེ་སྡོད་ཡོང་བར་འགན་ལེན་བྱ་དགོས་ཞེས་གསུངས། 

   སྤྱི་ཟླ9པའི་ཚེས12ཉིན་གྱི་ཕྱི་དྲོར།སྤྱི་ཟླ9པའི་ཚེས5ཉིན་བྱུང་བའི་ས་འགུལ་རིམ་པ6.8ཀྱི་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་མཇུག་འགྲིལ་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དུ་གནོད་ཐེབས་མང་ཚོགས་བར་བརྒལ་བཀོད་སྒྲིག་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད། ཁོང་གིས་མིག་སྔར་ཉེན་སེལ་གནོད་སྐྱོབ་ལས་དོན་མཇུག་བསྒྲིལ་ནས་ལས་ཀའི་གཙོ་གནད་གནོད་འཚེ་ཐེབས་པའི་མང་ཚོགས་བར་བརྒལ་བཀོད་སྒྲིག་བྱ་རྒྱུའི་ཐོག་བསྒྱུར་དགོས།ཚན་རིག་དང་མཐུན་པའི་སྒྲིག་འཛུགས་དང་རིགས་བགོས་ནས་ཐབས་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་ཏེ་བར་བརྒལ་བཀོད་སྒྲིག་གི་ལས་དོན་སོ་སོ་དམ་འཛིན་ཞིབ་ཕྲ་བྱས་ནས་གནོད་འཚེ་ཐེབས་པའི་མང་ཚོགས་ཚང་མ་ཉེན་མེད་བདེ་སྡོད་ཡོང་བར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།  

    ལྕགས་ཟམ་རྫོང་དུ་བྱུང་བའི་ས་འགུལ་ནང་མི་ཁྲི11ལྷག་ཙམ་ལ་གནོད་འཚེ་ཐེབས་པ་དང་།སྡོད་ཁང་ཁྲི5ལྷག་ཙམ་ལ་གཏོར་བཤིག་ཐེབས་པར་བརྟེན།གནོད་འཚེ་ཐེབས་མཁན་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱ་རྒྱུ་ནི་མིག་སྔའི་འགུལ་འགོག་གནོད་སེལ་ལས་དོན་གྱི་གཙོ་གནད་གྲས་ཤིག་རེད། ཝང་ཞའོ་ཧུའེ་འབོ་ཞབས་གྲོང་རྡལ་གྱི་བར་བརྒལ་བཀོད་སྒྲིག་བྱ་ཡུལ་དང་པོར་ཕེབས་ནས་ས་འགུལ་གྱི་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་བྱ་ཡུལ་གྱི་འཆར་འགོད་འཛུགས་སྐྲུན་དང་དེ་བཞིན་དུ་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་གི་གྲ་སྒྲིག་བྱས་ཚུལ་སྙན་སེང་ཞུས་པར་གསན་འཇོག་གནང་རྗེས། གྲོང་ཁྱེར(ཁུལ)དང་རྫོང་གི་སྔོན་འགྲོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ས་འགུལ་བྱུང་རྗེས་གནོད་འཚེ་ཐེབས་པའི་མང་ཚོགས་རྣམས་སེམས་པ་འཇགས་ཤིང་ཉེན་མེད་བདེ་འཇགས་ངང་ནས་བསྡད་ཆོག་མིན་ལ་གནོད་འཚེ་ཐེབས་ཁུལ་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ལ། སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཞིང་ཆེན་བཀོད་འདོམས་པུའུ་དང་ཞིང་ཆེན་གྱི་ཐད་གཏོགས་སྡེ་ཁག་གིས་གཅིག་གྱུར་གྱིས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་བར་བརྒལ་བཀོད་སྒྲིག་གི་ལས་དོན་ནུས་པ་ཡོད་ལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་སྲུང་གང་ཐུབ་བྱ་དགོས་ཞེས་གསུངས་པ་རེད། ཁོང་གིས་བར་བརྒལ་བཀོད་སྒྲིག་ལས་དོན་སྣེ་མང་རྙོག་འཛིང་ཆེ་བས་མང་ཚོགས་ཀྱི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་དགོས་པ་དང་།མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་དགོས།གཉེན་ཉེ་དང་གྲོགས་པོ་དང་གཅིག་སྡུད་བཀོད་སྒྲིག་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་གི་ལས་དོན་ཡག་པོ་བསྒྲུབས་ནས་གནོད་འཚེ་ཐེབས་པའི་མང་ཚོགས་ཚང་མར་ཟ་རྒྱུའི་ཟས་ཡོད་པ་དང་།འཐུང་རྒྱུའི་ཆུ་ཡོད།གྱོན་རྒྱུའི་གོས་ཡོད་པ།གནས་སྐབས་སྨན་བཅོས་རོགས་སྐྱོབ་ཡོད་པ།གནས་སྐབས་ཀྱི་ཉེན་མེད་སྡོད་གནས་ཡོད་པར་འགན་ལེན་བྱ་དགོས་ཞེས་གསུངས་པ་རེད། 

    བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་བྱ་ཡུལ་དངོས་སུ་ཝང་ཞའོ་ཧུའེ་ཡིས་བཀོད་སྒྲིག་བྱ་ཡུལ་འདེམས་སྟངས་དང་རྒྱ་ཁྱོན།ས་གཤིས་གནོད་འཚེའི་འགོག་ཟོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཁོང་གིས་བཀོད་སྒྲིག་བྱ་ཡུལ་འདེམས་སྐབས“ཉེན་གཡོལ་གསུམ”གྱི་རྩ་དོན་རྒྱུན་འཁྱོངས་ཏེ་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ཚགས་བཤེར་ཡོངས་སུ་ཁྱབ་པ་བྱས་ཏེ་ཁུག་ཟུར་མི་ལྷག་པ་བྱས་ནས་ས་ཆ་བདམས་ནས་ས་ཆ་འདེམས་སྟངས་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས། ད་ལྟ་སྤྱི་ཟླ་དགུ་པའི་ཟླ་དཀྱིལ་དུ་སླེབས་ཡོད་པས་མཐོ་སྒང་གི་གནམ་གཤིས་རིམ་བཞིན་གྲང་དུ་འགྲོ་བཞིན་ཡོད་པར་བརྟེན།ཉེན་མེད་ཡོང་བར་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གྲང་འགོག་དྲོད་སྲུང་ལ་སོགས་པའི་མཐོ་སྒང་ས་ཁུལ་གྱི་དམིགས་བསལ་དགོས་མཁོ་ལ་བསམ་གཞིག་གང་ལེགས་བཏང་སྟེ་གནོད་འཚེ་ཐེབས་པའི་མང་ཚོགས་ཅི་མགྱོགས་གང་མགྱོགས་ཀྱིས་སྡོད་ཁང་དྲོད་པོའི་ནང་བསྡད་ཐུབ་པ་བྱ་དགོས།འབྲེལ་ཡོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞབས་ཞུའི་ལེ་ལག་ཆ་ཚང་སྒྲིག་རྒྱུར་དམ་འཛིན་ཡག་པོ་བྱས་ནས་སེམས་ཤུགས་ཡོད་རྒུས་མང་ཚོགས་ལས་དོན་ཡག་པོ་སྒྲུབ་པ་དང་།དངོས་ཟོག་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲོད་བསྟེན་རིམས་འགོག་དང་རིམས་ཚུལ་འགོག་ཟོན་བཙན་སྡོམ་གྱི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ།བཅའ་སྡོད་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བཀོད་སྒྲིག་བྱ་ཡུལ་གྱི་ཉེན་མེད་བརྟན་འཇགས་གོ་རིམ་ལྡན་པ་ཡོང་བར་འགན་ལེན་བྱས་ནས་ཚང་མ་བློ་བདེ་པོའི་ངང་སྡོད་ཆོག་པ་བྱ་དགོས་ཞེས་གསུངས་པ་རེད། བརྟག་ཞིབ་བྱེད་རིང་ཝང་ཞའོ་ཧུའེ་ཡིས་འབྲེལ་ཡོད་ཕྱོགས་ལ་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་།ལས་དོན་སྔོན་ཕྱོགས་སུ་སྤེལ་ནས་གོང་ལ་འབྲེལ་མཐུད་དང་ཞིང་ཆེན་ནང་ཁུལ་གྱི་ཐོན་ཁུངས་སྟོབས་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་ཡུལ་བབ་དང་བསྟུན་རྒྱུ་རྒྱུན་འཁྱོངས།གནོད་འཚེ་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་འོས་འཚམ་ངང་བྱེད་པ་བཅས་ཀྱི་ཐོག་ནས་གནོད་འཚེ་ཐེབས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྔ་སྣུར་ཙམ་སླར་གསོ་ཐུབ་པ་བྱ་དགོས་ཞེས་མངགས་བཅོལ་གནང་བ་རེད།  

    ཞིང་ཆེན་གྱི་མགོ་ཁྲིད་ཁྲེན་ཝུའེ་དང་ཐེན་ཆིང་ཡིང་།ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཞུགས་ཡོད་པ་རེད།། 




  • ལེ་ཚན་སྔོན་མ།:ཆེད་འགན་འཁུར་མཁན་ཉེན་རྟོག་པས་སྦྲེལ་མཐུད་དུ་ལས་འགན་ལྗིད་པོ་ཁུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།