ཁ་སང་ནས་གནོད་ཐེབས་མང་ཚོགས་གནས་སྐབས་སྡོད་ས་སྐྲུན་འགོ་བཙུགས།

        2022-09-12

    ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས་ཀྱི་གནོད་ཐེབས་མང་ཚོགས་གནས་སྐབས་སྡོད་སའི་བཀོད་སྒྲིག་ཁང་ཚན་པ་དང་པོ་དེ་སྤྱི་ཟླ9པའི་ཚེས11ཉིན་ལ་ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་དར་འཕེལ་གྲོང་སྡེར་སྐྲུན་འགོ་བཙུགས་པ་རེད།

     ཨར་སྐྲུན་ཡུལ་དངོས་སུ་ལྕགས་ཟམ་རྫོང་གྲོང་ཡུལ་དང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འགན་ཁུར་མི་སྣ་ཧའོ་ཐིང་ཞིང་ཁར་ཕར་འགྲོ་ཚུར་འོང་ལ་བྲེལ་བཞིན་ཕྱོགས་ཁག་ལ་མཐུན་སྦྱོར་བྱས་ཏེ་འཛུགས་སྐྲུན་མགྱོགས་སུ་ཡོང་བར་སྐུལ་འདེད་གཏོང་བཞིན་འདུག། ཁོས་གནོད་ཐེབས་མང་ཚོགས་སྔ་ཙམ་གནས་སྐབས་བཀོད་སྒྲིག་ཁང་དུ་བསྡད་ཐུབ་ཆེད། ང་ཚོས་འཆར་འགོད་ཇུས་འགོད་དང་ཡུལ་དངོས་ཨར་སྐྲུན། སྲིད་འཛིན་མཆན་བཀོད་བཅས་དུས་མཉམ་དུ་བྱེད་པའི་འཛུགས་སྐྲུན་བྱེད་སྟངས་སྤྱད་ཡོད། གཟའ་འཁོར་གཅིག་གི་ནང་དུ་ས་མུའུ33ལ་སྒུལ་བདེ་པང་ཁང་བསྐྲུན་པ་དང་ཆབས་ཅིག། རིགས་ཁག་གི་ལེ་ལག་ཆ་ཚང་འཐུས་ཚང་དུ་གཏང་དགོས་ན། དུས་ཚོད་ཐུང་ངུ་ལས་མེད་པས་འཛུགས་སྐྲུན་དུ་ཞུགས་མཁན་ཕྱོགས་སོ་སོས་ལས་ཡུན་ཇེ་རིང་དུ་བཏང་ནས་ཛ་དྲག་ངང་ཨར་སྐྲུན་བྱེད་བཞིན་ཡོད་ཅེས་བཤད་པ་རེད།

     ད་ལོར་ལོ23ལ་སོན་པའི་ལྕགས་ཟམ་རྫོང་མེ་གསོད་མེ་ཟོན་རུ་ཁག་གི་རུ་མི་ཀྲའོ་ཨེན་ཧྥེང་གི་ཕ་ཡུལ་ནི་ཐེངས་འདིའི་ས་འགུལ་ཁྲོད་དུ་གནོད་པ་ཅུང་ཚབས་ཆེན་ཐེབས་པའི་གདན་ཐོག་གྲོང་རྡལ་ཡིན། ཁོས་རུ་མི་གཞན་དག་དང་མཉམ་དུ་ངལ་དུབ་ལ་སྤུ་ཙམ་ཡང་མ་འཛེམས་ནས་དངོས་ཟོག་སྐྱེལ་འདྲེན་དང་ས་ཞིང་བདེ་ཁོད་སྙོམ་བཞིན་འདུག། ཀྲའོ་ཨེན་ཧྥེང་གིས་ཐེངས་འདིའི་ས་འགུལ་ཁྲོད་དུ་ངའི་ཉེ་བ་མང་པོ་ལ་གནོད་འཚེ་ཐེབས་ཡོད། ཁོ་ཚོ་སྔ་ཙམ་གུར་ནས་ཁང་པའི་ནང་དུ་སྤོ་ཐུབ་པ་ནི་ངའི་རེ་བ་ཡིན་ཞེས་བཤད་པ་རེད།     སེམས་ཁྲལ་མི་དགོས། ཁྱོད་ཚོ་སྔ་ཙམ་སྤོ་ཐུབ་རྒྱུ་རེད། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ན་གནོད་འཚེ་འདི་ལས་ཐར་ཐུབ་ངེས་རེད་ཅེས་ཟུར་དུ་ཡོད་པའི་རུ་དཔོན་ཝུན་ཁྲེང་གིས་དེ་ལྟར་བཤད་ཅིང་ཐེངས་འདིའི་ས་འགུལ་ཁྲོད་དུ་ཁོས་དཔའ་ངར་ཞུམ་མེད་དང་བག་ཡོད་རོགས་རེས་ཡིན་པའི་མི་ཚོགས་ཤིག་མཐོང་ཡོད།

     ཡུལ་མི་ཁྲེང་སེ་ལིང་དང་ཕུན་ཆུང་བཟའ་མི་གཉིས་ཀྱིས་རང་གི་ཞིང་ས་མུའུ་གཉིས་པང་ཁང་སྐྲུན་ཡས་ལ་སྤྱད་དུ་བཅུག་པར་མ་ཟད། ཨར་སྐྲུན་མི་སྣ་ལ་གཏེར་ཆུ་ཡང་སྐྱེལ་དུ་ཡོང་བ་རེད། བཟའ་མི་གཉིས་ཀྱིས་མི་འདི་འདྲ་མང་པོས་ང་ཚོར་རོགས་རམ་བྱེད་བཞིན་ཡོད་པས་གནོད་འཚེ་ལ་དེ་ཙམ་སྐྲག་དོན་མི་འདུག། གནོད་སྐྱོབ་ལ་བྱས་རྗེས་ཅུང་ཙམ་འབུལ་ཐུབ་ཆེད་ངེད་ཚང་གི་ཞིང་ནང་དུ་པང་ཁང་སྐྲུན་དུ་བཅུག་པ་ཡིན། ཚང་མ་མགྱོགས་ཙམ་སྡོད་ཁང་དུ་སྤོ་ཐུབ་ན་དྲན་གྱི་ཡོད་ཅེས་བཤད་པ་རེད།

     རྒྱལ་ཁབ་གློག་དྲྭ་ལྕགས་ཟམ་ཁ་གློག་འདོན་ཡན་ལག་སྤྱི་གཉེར་ཁང་གི་འཁོར་སྐྱོད་ཞིབ་བཤེར་པུའུ་ཡི་ཀྲུའུ་རེན་ལི་ཀྲི་ཧན་གྱིས་གློག་སྒྱུར་ཆས་གཉིས་ལྷག་མ་འཛུགས་པ་དང་། གློག་སྐུད་མགྱོགས་པོར་ཁྲིད་དེ་མང་ཚོགས་གནས་སྐབས་བཀོད་སྒྲིག་ཁང་དུ་སྤོས་རྗེས་གློག་སྤྱོད་ཐུབ་པ་ནི་ང་ཚོའི་ལས་འགན་རེད་ཅེས་བཤད།     ཐེངས་འདིའི་མང་ཚོགས་གནས་སྐབས་བཀོད་སྒྲིག་ཁང་སྐྲུན་འགན་ཁུར་བའི་སི་ཁྲོན་ཞིང་ཆེན་ཨར་སྐྲུན་འཕྲུལ་ཆས་ཅན་ཨར་ལས་ཚད་ཡོད་སྤྱི་གཉེར་ཁང་གི་འགན་ཁུར་བ་ཁྲེང་ཐེན་གྱིས་རིགས་ཁག་གི་སྒྲིག་ཆས་ལེ་ལག་ཆ་ཚང་ཡང་དུས་མཉམ་དུ་བསྐྲུན་ཏེ། མང་ཚོགས་པང་ཁང་དུ་སྤོས་པ་དང་སྦྲགས་ཆུ་གློག་དང་། བཙོག་ཆུ་འབུད་ས། གསང་སྤྱོད་ཁང་སོགས་འཚོ་བའི་དགོས་མཁོའི་གནད་དོན་ཐག་གཅོད་ཐུབ་པ་ཁག་ཐེག་བྱ་རྒྱུ་རེད་ཅེས་བཤད།
     དེ་མིན་དར་འཕེལ་གྲོང་སྡེ་དང་བར་ཐག་སྤྱི་ལེ10ཡོད་པའི་འབོ་ཞབས་གྲོང་རྡལ་གྱི་ས་གཞོང་ཞིག་ཏུ་གཞི་ཁྱོན་ཅུང་ཆེ་བའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་ཞིག་ཀྱང་སྐྲུན་འགོ་བཙུགས་ཡོད།

     རྒྱུས་ལོན་བྱུང་བ་ལྟར་ན། དཀར་མཛེས་ཁུལ་གྱིས་ལྕགས་ཟམ་རྫོང་གི་གདན་ཐོག་གྲོང་རྡལ་དང་འབོ་ཞབས་གྲོང་རྡལ་དུ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་བསྐྲུན་ཏེ། མི་རིང་བར་གུར་ནང་དུ་བསྡད་ཡོད་པའི་མང་ཚོགས་རིམ་པར་བཀོད་སྒྲིག་སྡོད་ཁང་དུ་སྤོ་ཐུབ་རྒྱུ་རེད།།




ཐུབ་བསྟན་གྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཟོལ་མེད་ཀྱི་བརྩེ་སེམས་བཅངས་ནས་ལྕགས་ཟམ་ཁར་གཅེས་སེམས་ཕུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།