2022-09-12
“9·5”ས་འགུལ་རིམ་པ6.8ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཟབ་མོ་ཞུ་བའི་བྱེད་སྒོ་དཀར་མཛེས་ཁུལ་དང་གཡག་རྔ་རུ་སྤེལ།
ཝང་ཞའོ་ཧུའེ་དང་ཝང་ཧའེ་ཅང་། ཧོང་ཆང་བཅས་མྱ་ངན་བྱེད་སྒོར་ཞུགས།
སྤྱི་ཟླ9པའི་ཚེས12ཉིན་གྱི་ཉིན་གུང་ལ། “9·5”ལྕགས་ཟམ་རྫོང་གི་ས་འགུལ་རིམ་པ6.8ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཞུ་བའི་བྱེད་སྒོ་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དང་། གཡག་རྔ་གྲོང་ཁྱེར་སྲིབ་སྨད་རྫོང་ཞིན་མེན་ཁྲོམ་གཞུང་དུ་དུས་གཅིག་ཏུ་སྤེལ་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་། ནུབ་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་ཝང་ཧའེ་ཅང་ལྕགས་ཟམ་རྫོང་གི་མྱ་ངན་བྱེད་སྒོར་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན་ཧོང་ཆང་སྲིབ་སྨད་རྫོང་གི་མྱ་ངན་བྱེད་སྒོར་ཞུགས་པ་རེད།
རི་མཐོན་པོ་དང་ཆུ་དམའ་མོ། རང་བྱུང་གི་རྩྭ་རྩི་ཏོག་ཀུན་ལའང་སྐྱོ་སྣང་ལྡན་ཞིང་མྱ་ངན་གྱི་རྣམ་པ་འཁོར། ས་འགུལ་གྱི་ལྟེ་བ་འབོ་ཞབས་གྲོང་རྡལ་དུ་སྤེལ་བའི་མྱ་ངན་བྱེད་སྒོར་ཡི་གེ་ནག་པོས་བྲིས་པའི་འཕྲེད་སྦྱར་ངོས་སུ“9·5ལྕགས་ཟམ་རྫོང་གི་ས་འགུལ་རིམ་པ6.8ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཟབ་མོ་ཞུ”ཞེས་པ་བྲིས་ནས་མྱ་ངན་ཞུས་པ་རེད། ཆུ་ཚོད12དང་སྐར་མ50ཡི་ཐོག་ཝང་ཞའོ་ཧུའེ་དང་། ཝང་ཧའེ་ཅང་། ས་གནས་དེ་གའི་འགུལ་འགོག་གནོད་སྐྱོབ་ནང་ཞུགས་མཁན་གྱི་ལས་རིགས་ཁག་གི་འཐུས་མི་བཅས་ཀྱི་བྲང་ཁར་མེ་ཏོག་དཀར་པོ་བཏགས་ནས་སྒམ་བརླིང་ངང་ལངས་ཡོད། ཆུ་ཚོད12དང་སྐར་མ52ཡི་ཐོག“9·5”ཡི་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་བའི་དུས་ཚོད་ནང་མཁའ་ཟོན་ཉེན་བརྡ་གཏོང་བའི་སྒྲ་སྐྱོ་མོ་ཞིག་འབོ་ཞབས་གྲོང་རྡལ་གྱི་མཁའ་དབྱིངས་སུ་གྲགས་པ་དང་ཚང་མས་ངག་བསྡམས་ནས་གཟབ་ནན་གྱི་རྣམ་པའི་ཁྲོད་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་སྐར་མ3ཞུས་པ་རེད། ངག་བསྡམས་ནས་མྱ་ངན་ཞུས་རྗེས་བརྩེ་སེམས་ཟབ་མོའི《དྲན་གསོའི་རོལ་དབྱངས》དང་བསྟུན་ནས་ཝང་ཞའོ་ཧུའེ་དང་ཝང་ཧའེ་ཅང་གིས་སྔ་རྗེས་སུ་གོམ་པ་དལ་པོའི་ངང་མདུན་དུ་བསྐྱོད་དེ་ས་འགུལ་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མེ་ཏོག་ཕུལ་ནས་མྱ་ངན་ཞུས་པ་རེད། དེ་དང་དུས་མཚུངས་སུ་སྲིབ་སྨད་རྫོང་གི་མྱ་ངན་བྱེད་སྒོ་སྤེལ་ཡུལ་དུ་ཧོང་ཆང་དང་ལས་རིགས་ཁག་གི་འཐུས་མིས་མཉམ་དུ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་འབྲེལ་མེ་ཏོག་སོས་པ་ཕུལ་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གི་ཀྲུའུ་རེན། ཀྲུང་གོ་ས་འགུལ་ཅུས་ཀྱི་ཅུས་ཀྲང་མིན་དབྱི་རེན་དང་། ནུབ་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་གཞོན་པ་དང་དྲག་ཇུས་དམག་དཔོན་ལི་ཀྲུང་ལིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཞིང་ཆེན་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཐེན་ཞའོ་ཝེ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲུང་ཆེན་ཁྲེན་ཝུའེ། ཞིང་དཔོན་གཞོན་པ་ཐེན་ཆིང་ཡིང་། དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་མོང་ཆིང་པིན་སོགས་ཀྱིས་རིམ་པ་བཞིན་མེ་ཏོག་ཕུལ་ནས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཞུས་པ་རེད།
ཚང་མས་འདས་ཟིན་པའི་སྤུན་ཟླ་ཚོར་སེམས་གསོ་ཡག་ཤོས་ནི་སེམས་སྡུག་ཁྲོད་ནས་བསྐྱར་དར་དང་གེགས་བར་ཁྲོད་ནས་དར་རྒྱས་ཡོང་བར་བྱས་ཏེ་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་བསྐྲུན་བྱ་རྒྱུ་དེ་རེད་ཅེས་བཤད་པ་རེད། ང་ཚོས་བློ་གཅིག་སེམས་གཅིག་དང་གོམ་སྟབས་གཅིག་གྱུར་བྱས་ན་རྒྱལ་ཁ་ལེན་མི་ཐུབ་པའི་དཀའ་ངལ་མེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན། དེ་བཞིན་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གི་མཐུན་སྒྲིལ་སྣེ་ཁྲིད་བཅས་ཀྱི་འོག་གནོད་ཐེབས་ས་ཁུལ་མི་རིགས་ཁག་གི་མི་དམངས་ཚོས་མུ་མཐུད་འབད་བརྩོན་དང་དཀའ་ངལ་ཁྱད་བསད་ཀྱིས་འབད་འཐབ་བྱེད་ཚེ་འགུལ་འགོག་གནོད་སྐྱོབ་དང་ཉམས་གསོ་བསྐྱར་བསྐྲུན་ལ་མཐར་ཐུག་རྒྱལ་ཁ་འཐོབ་ངེས་ཡིན་པར་ཚང་མས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡི་ལས་དོན་ཚོ་ཆུང་གི་ཁོངས་མི་དང་། འབྲེལ་ཡོད་དཔུང་སྡེའི་འགན་འཁུར་བློ་མཐུན། ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ས་གནས་དེ་གའི་ཉེན་སེལ་རོགས་སྐྱོབ་ནང་ཞུགས་མཁན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་གི་འཐུས་མི། སྤྱི་བདེའི་མི་དམངས་ཉེན་རྟོག་པ། མེ་ཟོན་དང་འཚུབ་བསྟུན་རོགས་སྐྱོབ་དཔུང་ཁག། སྨན་དོན་མི་སྣ། དང་བླངས་པའི་འཐུས་མི། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་སོགས་ཞུགས་ཡོད་པ་རེད། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། གཡག་རྔ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་ཀྲུའོ་ཡིས་ལྕགས་ཟམ་རྫོང་དང་སྲིབ་སྨད་རྫོང་གི་མྱ་ངན་བྱེད་སྒོ་གཙོ་སྐྱོང་གནང་བ་རེད།
དཀར་མཛེས་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་གིས་དུས་མཚུངས་སུ“9·5”ཡི་ས་འགུལ་རིམ་པ6.8ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཟབ་མོ་ཞུས་པ་རེད།
ཨོ་རྒྱན་གྱིས་བསྒྱུར། རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10