ཅའོ་ཡ་ཧུའེ་དང་བཅས་པ་རང་ཁུལ་དུ་འགུལ་འགོག་གནོད་སྐྱོབ་ཀྱི་སྨན་བཅོས་སྲོག་སྐྱོབ་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བར་ཕེབས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-09-12

སྤྱི་ཟླ9པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་བཅོས་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཅའོ་ཡ་ཧུའེ་དང་བཅས་པ་རང་ཁུལ་དུ་འགུལ་འགོག་གནོད་སྐྱོབ་ཀྱི་སྨན་བཅོས་སྲོག་སྐྱོབ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་པས་མ་ཚད། ཁུལ་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་སྤྱི་ཟླ9པའི་ཚེས5ཉིན་བྱུང་བའི་ས་འགུལ་ཁྲོད་དུ་རྨས་སྐྱོན་ཐེབས་པའི་རྨས་མར་འཚམས་འདྲི་གནང་བ་རེད།

ཅའོ་ཡ་ཧུའེ་དང་བཅས་པས་སྤྱི་ཟླ9པའི་ཚེས5ཉིན་བྱུང་བའི་ས་འགུལ་ཁྲོད་དུ་ཐེབས་པའི་རྨས་མ་སྐྱོབ་བཅོས་དང་སྨན་ཁང་གཞན་སྒྱུར། རྒྱང་ཁྲིད་ནད་དཔྱད་སོགས་ཀྱི་སྨན་བཅོས་རོགས་སྐྱོབ་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་མཛད་རྗེས། ཁུལ་མི་དམངས་སྨན་ཁང་གི་ལྕགས་ཟམ་ཁའི་ས་འགུལ་ཁྲོད་དུ་རྨས་སྐྱོན་ཐེབས་པའི་རྨས་ཕྱོགས་བསྡུས་སྐྱོབ་བཅོས་ཁུལ་དུ་ཕེབས་ནས་སྨན་བཅོས་བྱེད་བཞིན་པའི་ས་འགུལ་ཁྲོད་དུ་རྨས་སྐྱོན་ཐེབས་པའི་འཚམས་འདྲི་གནང་བར་མ་ཟད། ནད་གཞི་ལྕི་པའི་ལྟ་སྐྱོང་ཁང་དུ་རྨས་སྐྱོན་ཚབས་ཆེན་ཐེབས་པའི་རྨས་མར་འཚམས་འདྲི་གནང་བ་རེད། མཉམ་དུ་ཡོང་པའི་གསོ་རིག་ཆེད་མཁས་པས་ས་འགུལ་ཁྲོད་ཀྱི་རྨས་མའི་ནད་རྒྱུས་དང་གཟུགས་པོའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་། རྨས་མའི་ནད་ཐོ་དང་དེ་བཞིན་གསོ་རིག་གི་ཞིབ་བཤེར་སྙན་ཞུ་བཅས་ལ་ཞིབ་ཚགས་གཟིགས་པར་མ་ཟད། རྨས་མ་ཁག་གཅིག་གི་རྨས་སྐྱོན་གནས་ཚུལ་ལ་གཞིགས་ནས་དེ་བས་འཐུས་སྒོ་ཚང་བའི་སྨན་བཅོས་ཇུས་གཞི་བཏོན་པ་རེད།

ལས་ཡུལ་དངོས་སུ་ཞིབ་བཤེར་མཛུབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་ཅའོ་ཡ་ཧུའེ་དང་བཅས་པས་རང་ཁུལ་གྱིས་ས་འགུལ་བྱུང་རྗེས་འཕྲལ་མར་གནོད་འཚེ་ཐེབས་ཁུལ་ནས་རྨས་མ་དབོར་འདྲེན་དང་འཕྲལ་མར་སྐྱོབ་བཅོས་བྱེད་པའི་ཐོགས་མེད་བགྲོད་ལམ་བཏོད་པ་དང་ཆབས་ཅིག། སྨན་དོན་མི་སྣས་སྟོབས་ཤུགས་གཅིག་སྡུད་བྱས་ནས་རིགས་བགོས་ནད་བརྟག་བྱེད་པ། སྤྱི་ཟླ9པའི་ཚེས5ཉིན་བྱུང་བའི་ས་འགུལ་ཁྲོད་རྨས་སྐྱོན་ཐེབས་པའི་རྨས་མར་ཕྱོགས་བསྡུས་སྐྱོབ་བཅོས་བྱེད་པ་སོགས་ཀྱི་འགུལ་འགོག་གནོད་སྐྱོབ་བྱས་པའི་སྨན་བཅོས་སྲོག་སྐྱོབ་ལས་དོན་ལ་གདེང་འཇོག་མཐོན་པོ་གནང་བ་རེད། དུས་མཚུངས་སུ་རང་ཁུལ་གྱིས་ལྷོད་གཡེང་དང་སྒྱིད་ལུག་མི་བྱེད་པར་སྤྱི་ཟླ9པའི་ཚེས5ཉིན་བྱུང་བའི་ས་འགུལ་གྱི་འགུལ་འགོག་གནོད་སྐྱོབ་ཀྱི་སྨན་བཅོས་སྲོག་སྐྱོབ་ལས་དོན་མུ་མཐུད་ནས་དམ་འཛིན་དང་འབྲེལ་ཡོད་སྨན་བཅོས་སྒྲིག་གཞི་ཁག་ལ་བླ་ན་མེད་པའི་མཐོང་ཆེན་བྱས་ཏེ་སྨན་བཅོས་རོགས་སྐྱོབ་ཀྱི་འཕྲལ་སྡོམ་སྔོན་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་ནས་ས་འགུལ་ཁྲོད་དུ་རྨས་སྐྱོན་ཐེབས་པའི་རྨས་མ་སྐྱོབ་རྒྱུ་འགན་ལེན་བྱེད་པ་དང་། གོ་རིམ་ལྡན་ཞིང་ཕན་འབྲས་ཆེ་བའི་སྒོ་ནས་སྨན་ཁང་གཞན་སྒྱུར་གྱི་སྐྱོབ་བཅོས་ལས་དོན་སྤེལ་བ། སྨན་བཅོས་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་འགོག་དང་འགུལ་འགོག་གནོད་སྐྱོབ་ཀྱི་སྨན་བཅོས་རོགས་སྐྱོབ་ལས་དོན་ལ་སྤྱི་འདོམས་ཡག་པོ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་འགན་ལེན་ཧུར་ཐག་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།:འགུལ་འགོག་གནོད་སྐྱོབ་ཁྲོད་དུ་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན།
  • ལེ་ཚན་རྗེས་མ།:རས་གུར་དང་ཏང་གི་དར་ཆ་ཡོད་པས་མི་རྣམས་ཀྱི་བློ་སེམས་བདེ།
  • དོ་སྣང་ཆེ་བའི་རྩོམ།