མེ་ཏོག་ལྷ་ལ་ཕུལ། བྱིན་རླབས་རང་ལ་འཇུག།

ཞི་ཚུན་ཡེས་བརྩམས། བུ་ཆུང་གིས་བསྒྱུར།        2022-09-12

ལོ་ཤས་གོང་། ཞི་ཡ་ཐུའུ་ལ་གཞན་དང་མི་འདྲ་བའི་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་ཤིག་སྤེལ་བའི་ཐོག། འགྲན་ཞུགས་པ་དབང་བོ་སྐྱོན་ཅན་དགུ་ཡིས་སྨི༡༠༠ཅན་གྱི་འགྲན་རྒྱུག་མགོ་རྩོམ་སར་འཛོམས་འདུག། བརྡ་གཏོང་མེ་མདའི་སྒྲ་གྲག་པ་དང་བསྟུན་ནས་ཁོ་ཚོ་ཚང་མས་བརྒྱུགས——དོན་དངོས་ཐོག་འདི་ནི་གདོང་མཆོང་གི་འགྲན་བསྡུར་ཞིག་མ་ཡིན་པར་སུས་ལམ་ཐག་ཡོད་ཚད་དུས་ཡུན་ཐུང་ཤོས་རྒྱུགས་ཚར་བ་དེ་རྒྱལ་བ་ཡིན། འོན་ཀྱང་འགྲན་ཞུགས་པ་དེ་ཚོའི་ནང་ལ་ཕྲུ་གུ་ཆུང་ཆུང་ཞིག་ཡོད་པ་དེ་སྟབས་མི་ལེགས་པར་སྣུམ་ལམ་དུ་འགྱེལ་སོང་། ཁོ་པས་ཡར་ལངས་ནས་ཡང་བསྐྱར་རྒྱུག་པར་རྒྱུན་འཁྱོངས་བྱས་ཀྱང་ས་ལ་འགྱེལ་སོང་། ཡང་ཡར་ལངས། ཡང་ས་ལ་འགྱེལ། མཐར་ཕྲུ་གུ་འདི་བཟོད་མ་ཐུབ་པར་ངུ་ཤོར་སོང་།

འགྲན་ཞུགས་མཁན་གཞན་དག་བརྒྱད་པོ་ཕྲུ་གུའི་ངུ་སྒྲ་གོ་བས་རང་དབང་མེད་པར་མྱུར་ཚད་དལ་དུ་བཏང་པར་མ་ཟད་ཚང་མས་ཕྱིར་ལྟ་ཡང་ཡང་བྱས། དེ་རྗེས་ཁོ་ཚོ་ཚང་མ་ཕལ་ཆེར་མ་གྲོས་གཅིག་མཐུན་ངང་ཁ་ཕྱིར་འཁོར་ནས་ཕྲུ་གུ་འདིའི་གམ་དུ་ལོག ཐང་ཧྲི་ཕྱོགས་བསྡུས་ནད་ཕོག་པའི་བུ་མོ་ཞིག་གིས་ལུས་པོ་བསྒུར་ཏེ་ཁོ་ལ་འོ་བྱས་ནས། “ང་ཚོ་མཉམ་དུ་ཡོད་ན་ལས་ཀ་སྔར་ལས་ལེགས་པ་བསྒྲུབ་ཐུབ།”ཅེས་བཤད་རྗེས། མི་དགུ་པོས་ཕན་ཚུན་ལག་པ་འཇུས་ནས་མཉམ་དུ་ཡང་བསྐྱར་མདུན་དུ་བསྐྱོད་དེ་ཚང་མ་འགྲན་རྒྱུག་གི་མཐའ་སྣེ་ལ་སླེབས།

ལུས་རྩལ་ར་བའི་ནང་གི་མི་ཡོད་ཚད་ཁྱད་པར་ཅན་གྱི་འགྲན་ཞུགས་པ་རྣམས་ལ་སེམས་འགུལ་ཐེབས་ནས་འདི་དག་གི་ཆེད་དུ་ཡར་ལངས་ཤིང་། དགའ་འབོད་ཀྱི་སྐད་སྒྲ་འབྲུག་སྐད་ལྟར་སྐར་མ་ཁ་ཤས་ཀྱི་རིང་ལ་གྲགས་སོང་། གང་ལྟར་རྣམ་པ་འདི་དངོས་སུ་མིག་མཐོང་བྱུང་བའི་མི་ཀུན་གྱིས་ད་ལྟའི་བར་དུ་ཡང་སྔར་བཞིན་སྤྲོ་བ་ཡོད་པའི་སྒོ་ནས་གཏམ་རྒྱུད་འདི་གཞན་ལ་བརྒྱུད་བསྒྲགས་བྱེད་བཞིན་ཡོད། ང་ཚོས་འདི་ནི་ཅིའི་ཕྱིར་ཡིན་པ་འདྲི་དགོས།

དོན་དངོས་ཐོག་ང་ཚོ་ཚང་མས་ཤེས་གསལ་ལྟར། འཚོ་བའི་ཁྲོད་དུ་རང་ཉིད་ལ་རྒྱལ་ཁ་ཐོབ་པ་ལས་གལ་ཆེ་བའི་དངོས་པོ་འགའ་དངོས་གནས་ཡོད་པ་སྟེ། ཚེ་སྲོག་གི་འགྲུལ་བཞུད་ཁྲོད་གཞན་ལ་རོགས་རམ་བྱས་ནས་རྒྱལ་ཁ་ལོན་དུ་འཇུག་པ། མ་གཞི་འདི་འདྲ་བྱེད་པའི་དོན་སྙིང་ནི་རང་ཉིད་ཀྱི་མདུན་སྐྱོད་ཀྱི་མྱུར་ཚད་དལ་བ་དང་འཚོ་བའི་ལམ་བུ་བཅས་ལ་འགྱུར་བ་འགྲོ་སྲིད་ཀྱང་དེའི་འཕྲོས་ནས་ཚེ་སྲོག་གི་དོན་སྙིང་དེ་ཆེས་ཆེར་མངོན་ཐུབ་ཀྱི་ཡོད། མེ་ཏོག་ལྷ་ལ་བྱིན། དྲི་ཞིམ་རང་ལ་འཇུག། གཞན་ལ་འོད་མདངས་སྤྲོ་བའི་སྒྲོན་མེ་ཞིག་ལ་མཚོན་ན་དོན་དངོས་ཐོག་རང་ཉིད་བརླག་མེད་པ་རེད

འཇིག་རྟེན་འདི་ནི་རྣམ་པ་སྣ་ཚོགས་དང་ངོ་མཚར་ཆེ་ལ་འགྱུར་བ་ཆེ་བ་ཞིག་ཡིན་པས་། ཡིད་ལ་འཇོག་དགོས་པ་ནི། གཞན་ལ་བྱམས་བརྩེ་བྱ་རྒྱུ་ནི་ངེས་པར་དུ་འོས་པའི་རྣམ་འགྱུར་ཞིག་ཡིན། ཁྱོད་ཀྱི་གཞན་དང་ལྷག་བསམ་ཟོལ་མེད་ཀྱིས་འགྲོགས་ན་གཞན་གྱིས་ཀྱང་ཁྱོད་ལ་འདི་ལྟར་བྱེད་དོ། གང་ལྟར་ཁྱོད་ཀྱིས་མཛའ་མཐུན་གྱི་རྣམ་འགྱུར་ངང་གཞན་དང་འགྲོགས་ཚེ། བརྒྱ་ཆ་གོ་ལྔ་ཉེ་འཁོར་གྱི་མི་ཚང་མས་ཁྱོད་ཀྱི་དོན་དུ་ལས་ཀ་མང་པོར་འཇུག་འདོད་པ་ཡིན། འོན་བརྒྱ་ཆ་ལྔ་མི་ལ་ལའི་དོན་དུ་ཁྱོད་རང་འུ་ཐུག་ཐབས་ཟད་ངང་ངན་པ་ཞིག་རུ་གྱུར་ཀྱང་། ཁྱོད་རང་སྔར་བཞིན་འབད་པ་བྱས་ཏེ་བརྒྱ་ཆ་ལྔའི་མི་འདི་རྣམས་བརྒྱ་ཆ་གོ་ལྔའི་མི་འདི་རྣམས་བཞིན་ཡོང་བའི་རེ་བ་བྱ་མི་དགོས་པ། དེ་ལས་ལྡོག་སྟེ་ཁྱོད་རང་ལྷིང་འཇགས་ངང་གནས་ཏེ། མཛའ་མཐུན་གྱི་རྣམ་འགྱུར་གྱིས་གཞན་དང་འགྲོགས་ནས། མུ་མཐུད་དུ་རང་ཉིད་ཀྱི་ལམ་ལ་བསྐྱོད་དེ་དགོས་འདོད་ཀྱི་དངོས་པོ་རྣམས་ཐོབ་པར་བྱ་དགོས།

གལ་ཏེ་ཁྱོད་ཀྱི་རོགས་རམ་བྱས་ནས་མི་གཞན་ལ་མཁོ་བའི་དངོས་པོ་རྣམས་ཐོབ་ན་ཁྱེད་ལ་ཡང་དེ་བཞིན་རང་ཉིད་ཀྱི་དགོས་འདོད་དངོས་པོ་རྣམས་ཐོབ་སྲིད། ཁྱོད་ཀྱི་རོགས་རམ་བྱེད་པའི་མི་ཇི་ལྟར་མང་ན་རང་ཉིད་ཀྱི་ཐོབ་བྱ་ཡང་དེ་བས་མང་། གལ་ཏེ་ཁྱོད་ཀྱིས་བླ་ན་མེད་པའི་དད་སེམས་འདི་ཡིད་ལ་བཅངས་ན། ཁྱོད་ལ་རྒྱུ་ནོར་ཞིག་དབང་སྲིད། དད་སེམས་འདི་ནི་མི་གཞན་ལ་རོགས་རམ་བྱེད་པ་འདི་ཡིན། དེ་ཡིས་མི་ཞིག་གི་མི་ཚེ་གང་བོར་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་བསྐྲུན་འོང་།

མི་ཚེའི་ནང་ཆེས་ཕན་འབྲས་ཆེ་བའི་མ་འཇོག་ནི་མི་གཞན་ལ་བྱམས་སྐྱོང་བྱ་རྒྱུ་དེ་ཡིན། གལ་ཏེ་ཁྱོད་ཀྱི་མཇལ་འཕྲད་བྱུང་བའི་མི་རེ་རེ་ལ་འཛུམ་མདངས་ལན་གཅིག་སྟོན་པ་དང་། སྙིང་ཉེ་བའི་གཏམ་ཞིག་བཤད་པ། གཞན་ལ་སྤྲོ་སྣང་སྟེར་བའི་ལན་ཞིག་བྱིན་ཏེ། སེམས་གཏིང་ནས་དྲོ་སྐྱིད་ལྡན་པའི་ངང་བཀའ་དྲིན་བསམ་པ་དང་། དགའ་འབོད། སྐུལ་ལྕག རེ་བ། ཡིད་ཆེས་དང་བསྟོད་བསྔགས་བཅས་མཚོན་པར་བྱས་ཚེ་ཁྱོད་ཀྱིས་མི་གཞན་ལ་བྱིན་པ་ཇི་ལྟར་མང་ན་རང་ཉིད་ལ་ཡང་འཐོབ་བྱ་དེ་བཞིན་མང་བ་ཤེས་ཐུབ།


  • ལེ་ཚན་སྔོན་མ།:དགེ་རྒན་སྐུ་དྲིན་ཅན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།