ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ས་འགུལ་གནོད་ཁུལ་དུ་འཚམས་འདྲི་གནང་།

ཨ་མགོན་གྱིས་བསྒྱུར།        2022-09-11

  ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ས་འགུལ་གནོད་ཁུལ་དུ་འཚམས་འདྲི་གནང་།

   སྤྱི་ཟླ9པའི་ཚེས10ཉིན། ཟླ་མཆོད་དུས་ཆེན་དང་དགེ་རྒན་དུས་ཆེན་ལ་ཏག་ཏག་འཁེལ་ཞིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་ལྕགས་ཟམ་རྫོང་དུ་ས་འགུལ་གནོད་འཚེ་ཐེབས་པའི་ས་ཁུལ་དུ་གནོད་འཚེ་ཐེབས་པའི་མང་ཚོགས་དང་ཉེན་སེལ་གནོད་སྐྱོབ་ཀྱི་ལས་ཡུལ་དུ་འབད་འཐབ་བྱེད་བཞིན་པའི་བཅིངས་འགྲོལ་དམག་དང་འཚུབ་བསྟུན། དྲག་ཆས་ཉེན་རྟོག་དམག་དཔུང་། མེ་ཟོན། སྤྱི་བདེ། ཡུལ་དམག་ལ་སོགས་པའི་རོགས་སྐྱོབ་དཔུང་སྡེ་དང་ལག་རྩལ་ཆེད་རམས་པ།གཞི་རིམ་ལས་བྱེད་པ།དང་བླངས་པ།གསར་འགྱུར་ལས་ཀ་སྒྲུབ་མཁན་སོགས་ལ་འཚམས་འདྲི་གནང་སྐབས། ཁུལ་ཨུ་དང་ཁུལ་་སྲིད་གཞུང་གི་ཚབ་མཛད་་ནས་ཁོ་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་།རང་ཁུལ་གྱི་འགུལ་འགོག་གནོད་སྐྱོབ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པ་དང་དེའི་ནང་ཧུར་ཐག་ཞུགས་མཁན་གྱི་ཕྱོགས་སོ་སོའི་རོགས་སྐྱོབ་སྟོབས་ཤུགས་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

     ཧྲེན་དབྱང་གིས་བསྟན་དོན། ད་ཐེངས་བྱུང་བའི་ས་འགུལ་ལས་ང་ཚོའི་འཚུབ་བསྟུན་རོགས་སྐྱོབ་ཁོངས་གཏོགས་ཀྱི་འཇོན་ནུས་ཆུ་ཚད་ལ་ཞིབ་དཔྱད་ཐུབ་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པར་ཉམས་སད་ཆེན་པོ་ཞིག་ཀྱང་བྱས་ཡོད། ས་འགུལ་བྱུང་རྗེས་ལས་ཡུལ་བཀོད་འདོམས་པུའུ་ཡིས་སྤྱི་འདོམས་བཀོད་གཏོང་དང་འཁོར་རྒྱུག་ཕན་འབྲས་ཆེབ། སོ་སོས་གདོང་མཆོང་དཔུང་གཏོར་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་འགུལ་འགོག་གནོད་སྐྱོབ་ཀྱི་ལས་དོན་ཁག་ནུས་པ་ལྡན་ཞིང་གོ་རིམ་ཡོད་པའི་ངང་ནས་སྤེལ་བར་འགན་ལེན་བྱས་ནས་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དང་དཀར་མཛེས་ཁུལ་གྱི་མྱུར་ཚད།དཀར་མཛེས་ཁུལ་གྱི་སྟོབས་ཤུགས་བཅས་མངོན་ཡོད་པ་རེད། མིག་སྔར། འགུལ་འགོག་གནོད་སྐྱོབ་སྔར་བཞིན་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས།ཚང་མས་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་ནས་དཀའ་སྤྱད་སྙིང་རུས་དང་མུ་མཐུད་ནས་འབད་འཐབ་བྱས་ཏེ་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྒྲིག་འཛུགས་བྱས་ཏེ་འགུལ་འགོག་གནོད་སྐྱོབ་ཀྱི་དམག་འཐབ་དྲག་པོ་ལས་རྣམ་པ་རྒྱལ་བར་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད།

     ཧྲེན་དབྱང་གིས་བསྟན་དོན། གློ་བུར་དུ་བྱུང་བའི་རང་བྱུང་གནོད་འཚེའི་མདུན་དུ། ཕྱོགས་སོ་སོའི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་མགྱོགས་མྱུར་དུ་མྱུར་སྐྱོབ་བྱས་ནས་དཀའ་ཉེན་ལ་མི་སྐྲག་པ་དང་རང་སྲོག་བློས་གཏང་རྒྱུར་མི་སྐྲག་ནས་རི་འཛེག་ཆུ་བརྒལ་བྱས་ཏེ”ཆུ་སྐམ་མཁའ་གསུམ”གྱིས་ནུས་ཤུགས་མཉམ་འདོན་བྱས་ཤིང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་སྲོག་སྐྱོབ་བྱེད་པ། རོགས་སྐྱོབ་ཀྱི་གཟུགས་བརྙན་རེ་རེའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་སོ་སྲུང་རོགས་རེས་དང་ཕྱར་བ་གྲུ་འདེགས་ཀྱི་བརྩེ་སེམས་གསེད་འགྲེལ་ཟབ་མོ་བྱས་པ་འདི་ཁམས་པའི་བུ་ཕྲུག་ཚོས་དུས་ནམ་ཡང་དྲིན་ཚོར་དང་སེམས་གཏིང་དུ་འཆང་ངེས་རེད།

     ཧྲེན་དབྱང་གིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་གནོད་འཚེའི་གནས་ཚུལ་ལ་སེམས་ཁུར་ཆེན་པོ་བྱས་ནས་གཅིག་རྗེས་གཉིས་མཐུད་དེ་རོགས་སྐྱོར་བྱེད་བཞིན་ཡོད་པ་རེད། མིག་སྔའི་དཀའ་ངལ་ནི་གནས་སྐབས་ཙམ་ཡིན་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ།ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་ཡོད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་འབད་བརྩོན་ཡོད་པར་བརྟེན། གནོད་འཚེ་ཐེབས་རྗེས་བསྐྱར་སྐྲུན་ཡག་པོ་བྱས་ནས་གནོད་སྐྱོན་ཐེབས་ཁུལ་མི་དམངས་ལ་ཁྱིམ་གཞིས་བསྐྱར་སྐྲུན་དང་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད་ལ་ནུས་པའང་ང་ཚོར་ཡོད་ཅེས་གསུངས་པ་རེད།

ཧྲེན་དབྱང་གིས་དགེ་རྒན་གྱི་འཐུས་མིར་འཚམས་འདྲི་གནང་བར་མ་ཟད། ཁོ་ཚོ་བརྒྱུད་ནས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་བྱ་བ་གཉེར་མཁན་ལ་བླ་ན་མེད་པའི་གུས་བཀུར་ཞུས་པ་རེད།

     ཧྥུང་ཧྥ་ཀུའེ་ཡིས་བསྟན་དོན། རྒྱ་ཆེ་བའི་སྨན་དོན་མི་སྣས་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱས་ནས་སྨན་པའི“བྱམས་སེམས་ཆེན་པོ” མཚོན་པར་བྱས་ཡོད། ས་འགུལ་དང་སྡོད་ཁང་། གནམ་གཤིས། འགྲིམ་འགྲུལ།གློག་ཤུགས།འཕྲིན་གཏོང་། རླུང་འཕྲིན་བརྙན་འཕྲིན།ཆུ་མཁོ་འདོན་བཅས་དང་དེ་བཞིན་དུ་ལས་གྲྭ་གཞན་དག་གི་ཆེད་རམས་པ་དང་། ལག་རྩལ་མི་སྣ།ལས་གྲྭ་འཛུགས་སྐྲུན་པ་བཅས་ཀྱིས་མཉམ་ལས་དམ་ཟབ་དང་རང་འགན་རང་འཁུར་བྱས་ཏེ་ལྟ་ཞིབ་དབྱེ་ཞིབ་དང་། འཚུབ་བསྟུན་དཔྱད་བསྡུར། ཉེན་ཁ་ཚགས་སེལ། མྱུར་བཟོ་བདེ་བགྲོད་འགན་ལེན་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་འགུལ་འགོག་གནོད་སྐྱོབ་ལ་ལག་རྩལ་གྱི་འདེགས་སྐྱོར་དང་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་བྱས་ཡོད་པ་རེད། རྒྱ་ཆེ་བའི་གསར་འགྱུར་ལས་སྒྲུབ་པ་ལས་ཡུལ་བསྐྱོད་དེ་དཔེ་མཚོན་དྲིལ་བསྒྲགས་དང་དྲང་བདེན་གྱི་ནུས་པ་དར་སྤེལ་བཏང་ནས་འགུལ་འགོག་སྐྱོབ་ཐད་བསམ་པའི་སྒུལ་ཤུགས་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པ་རེད། ཚང་མས་མུ་མཐུད་ནས་འགུལ་འགོག་གནོད་སྐྱོབ་ཀྱི་སྙིང་སྟོབས་ རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་ནས་རྨས་མ་སྐྱོབ་བཅོས་དང་། མང་ཚོགས་བཀོད་སྒྲིག། རིམས་ཚུལ་འགོག་ཟོན། གནོད་འཚེ་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ་གནོད་འཚེ་ཐེབས་མཁན་མང་ཚོགས་ཀྱི་ཐོན་སྐྱེད་སླར་གསོ་དང་བདེ་སྡོད་ལས་བརྩོན་གང་མགྱོགས་ཐུབ་པ་བྱས་ནས་ལས་ཀའི་ཕན་འབྲས་ཏན་ཏན་ཏིག་ཏིག་གི་ཐོག་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐུགས་ཁུར་དང་གཅེས་སྐྱོང་ལ་དྲིན་ལན་འཇལ་རྒྱུའི་རེ་བ་ཡོད།།


  • ལེ་ཚན་སྔོན་མ།:བརྩེ་སེམས་ཟོལ་མེད་བཅངས་ནས་གཅེས་སེམས་ཕུལ།
  • ལེ་ཚན་རྗེས་མ།:སེམས་སྡུག་སྡུག་ལ་མོ་མ་རྒྱོབ་དང་།། ཁྲ་ཚུགས་སེར་ལ་འགོར་འབུད་དུས་ཡོད།།
  • དོ་སྣང་ཆེ་བའི་རྩོམ།