དགེ་རྒན་དང་ང་། ད་དུང་ངའི་སྨོན་ཚིག།

ཉི་མ་རྡོ་རྗེ།        2022-09-11

དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།

ཁྱེད་ཀྱི་དུས་ཆེན་སླེབས་སོང་དགེ་རྒན་ལགས།ངས་ཁྱེད་ལ་སྨོན་ལམ་ཚིག་གསུམ་ཁྱེར་ཡོད།

དགེ་རྒན་ལགས།ཁྱེད་ནི་མ་འོངས་ཕུགས་བསམ་གྱི་ཇུས་འགོད་པ་ཡིན།ཁྱེད་ཀྱིས་སྒྲུབ་བཞིན་པ་ནི་ཆེས་གཟི་བརྗིད་ལྡན་པའི་བྱ་བ་དེ་རེད།ངས་ཁྱེད་ཀྱི་རང་གཤིས་འབྲི།ངས་ཁྱེད་ལ་བསྟོད་གླུ་ལེན།

ཆར་ཟིམ་གྱིས་མྱུག་སྡོང་ལ་བརླན་གཤེར་གཏོང་།ཉི་འོད་ཀྱིས་མྱུ་གུ་ལ་ལྗང་ལོ་བསྣན།

དགེ་རྒན་བཟང་པོའི་བསླབ་བྱས་བུ་ཕྲུག་ནར་སོན་པར་རྨད་དུ་བྱུང་བའི་དགེ་མཚན་ བསྩལ།དགེ་རྒན་བཀའ་དྲིན་ཅན་ཚོ།ཁྱེད་ཅག་འོ་བརྒྱལ་ཆེ་སོང་།དེ་རིང་དམིགས་བསལ་གྱི་དུས་ཚོད་འདིར་ཁྱེད་ལ་དུས་ཆེན་གྱི་འཚམས་འདྲི་ཞུ་བ་ལགས།

ཁྲིད་སྟེགས་ཐོག་ནས་ཁྱེད་ཀྱིས་ངེད་ཅག་ལ་ཤེས་བྱ་ཕངས་མེད་དུ་བསྩལ།སློབ་ཕྱིའི་མཚམས་ནས་ཁྱེད་ཀྱིས་ངེད་ཅག་ལ་མི་ཆོས་ཀྱི་གདམ་ངག་ཟབ་མོ་གནང་།དགེ་བའི་བཤེས་གཉེན་ལགས།ང་ཚོ་ནམ་ཡང་ཁྱེད་དང་འབྲལ་ཐབས་མེད།

དགེ་རྒན་གྱི་བཀའ་དྲིན་རི་རབ་ལས་ཀྱང་བརྗིད་ཆེ།མཚོ་མོ་ལས་ཀྱང་གཏིང་ཟབ།

ང་ཚོའི་ཞིང་ས་གཤིན་པོའི་ནང་དུ་ཤེས་རིག་གི་མྱུ་གུ་འབུས་སུ་བཅུག། མི་ཚེ་ལ་རིན་ཐང་ཡོད་དུ་བཅུག། ཤེས་བྱའི་བདུད་རྩི་འཐུང་དུ་བཅུག། དགའ་གུས་ཀྱི་དགེ་རྒན་ལགས།ངས་ལྷག་བསམ་གྱི་སྨོན་ཚིག་ཁྱེར་ནས།ཁྱེད་རང་ཉིན་རྟག་པར་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ།

ང་ནི་ནམ་ཡིན་ཡང་ཁྱེད་ཀྱི་སློབ་མ་ཡིན་ལ།ཁྱེད་ནི་ནམ་ཡིན་ཡང་ངའི་སེམས་དབུས་ཀྱི་ཆེས་བརྩི་བཀུར་བྱེད་ས་དང་།ཆེས་གཅེས་སུ་འོས་པའི་མི་དེ་ཡིན།དེ་རིང་གི་དགེ་རྒན་དུས་ཆེན་དང་བསྟུན་ནས།ངའི་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པའི་སྨོན་ལམ་འདི་དང་ལེན་བྱེད་རོགས།

“བླ་མ་མེད་པའི་གོང་རོལ་ནས།།སངས་རྒྱས་ཞེས་བྱའི་མིང་ཡང་མེད།།”ཨ་ཧོ།དགེ་རྒན་ལགས།ཁྱེད་ནི་སངས་རྒྱས་ལས་ཀྱང་ལྷག། འདི་ནི་ངས་བསྟོད་པ་མ་ཡིན་ཏེ།རང་བཞིན་བརྗོད་པ་ཙམ་མོ།།

ཡང་བསྐྱར་དགེ་རྒན་གྱི་དུས་ཆེན་འདི་སླེབས་བྱུང་།ངས་སེམས་དང་ཕུགས་ཀྱི་བརྩེ་དུང་དེ་སྨོན་ཚིག་ཏུ་བརྒྱུས་ནས་བསུ་མ་བྱེད་དུ་འགྲོ། ང་ཚོས་སྔར་ནས་སློབ་ཁང་བསྐྱུར་ཏེ་ཁྱེད་དང་ཁ་བྲལ་ནས་རྒྱང་དུ་སོང་ཟིན་ཡང་།ཁྱེད་ལ་བཅངས་བའི་བརྩེ་དུང་ནི་ནམ་ཡང་དོར་མྱོང་མེད་ལགས།དགེ་རྒན་བཀའ་དྲིན་ཅན།

དེ་རིང་།ངས་མཛེས་སྡུག་ལྡན་པའི་གསེར་རྟ་རྩྭ་ཐང་ཐོག་ནས།ཁྱེད་ཀྱིས་གནང་བའི་ཀ་མད་སུམ་ཅུས་སྨོན་ཚིག་བསླས་འཐག་བྱས་ཏེ།སྔོན་གྱི་ཕྱིར་དྲན་དང་བསྡོངས་ནས་ཡིག་ངོས་སུ་བཀོད་དེ་སྤྱིར་བཏང་དང་གཟི་བརྗིད་ཀྱི་ཕྱག་ལས་མཛད་བཞིན་པའི་དགེ་རྒན་རྣམས་ལ་བསྟོད་སྨོན་ཕུལ།ས་འདི་ནས།ངས་སྐལ་བཟང་མེ་ཏོག་རྐང་གཅིག་བཏོགས་ནས་ཁྱེད་ལ་འབུལ།འདི་ནི།ངའི་བརྩེ་སེམས་དེ་མེ་ཏོག་གི་བཀྲག་མདངས་ལ་བསྟིམས་ནས་ཕུལ་བ་ལགས།

དུས་ཆེན་ལ་རྟེན་འབྲེལ་ཞུ།དགེ་རྒན་ལགས།




  • ལེ་ཚན་སྔོན་མ།:ཨ་མ་ལགས་ཡིད་བཞིན་ནོར་བུ།
  • ལེ་ཚན་རྗེས་མ།:དགེ་རྒན་སྐུ་དྲིན་ཅན།