ཁམས་སྨྱོན་ཧེ་རུ་ཀ 2022-09-05
ན་ནིང་ད་ཚོད་ཅིག་ལ་ཁྱོད་རང་ང་དང་གྱེས། རྒྱང་རིང་རྒྱང་རིང་ཞིག་གི་འཇིག་རྟེན་དེར་ཆས་སོང་། ཁྱོད་ཉིད་ཆས་པ་ནས་བཟུང་ང་རང་སྐྱོ་ལྷང་ལྷང་། སྟོང་ལྷང་ལྷང་དུས་ལུས། ང་རང་ཁྱོད་ཚང་ལ་ཐེངས་འགའ་སླེབས་དུས། ཁྱོད་ཀྱི་གྲུབ་གཟུགས་མཐོང་རྒྱུ་མེད་ལ། ཐ་ན་ཁྱོད་ཀྱི་མིང་ཙམ་ཡང་ཐོས་རྒྱུ་མི་འདུག །དེ་རིང་ང་ཡང་བསྐྱར་ཁྱོད་ཚང་དུ་ཐེངས་གཅིག་སླེབས་དུས། ཁྱོད་ཉིད་སྔར་བཞིན་མཐོང་ཐོས་གང་ཡང་མི་འདུག །དེ་བས། དོན་ངོ་མར་ང་ཡིས་ཁྱོད་ཇི་ལྟར་འཚོལ་དགོས་པ་མ་ཤེས། ཁྱོད་ཀྱི་ཕ་ཡུལ་ནས་ཁྱོད་རང་སླར་ཡང་ཕེབས་པར་ལོ་ཟླ་ག་ཚོད་བསྒུག་དགོས། སྐྱོ་ལྷང་ལྷང་གི་ལོ་ཟླ་ག་ཚད་བསྒུག་དགོས། སྟོང་ལྷང་ལྷང་གི་ལོ་ཟླ་ཇི་ཙམ་བསྒུག་དགོས་ཨང་།
དོན་ངོར་མར། ཁྱོད་གང་དུ་ཆས་སོང་། ཁ་བ་ཡོད་ཚད་འཁྱག་གྲང་ཁོག་ཏུ་བཅུག་སྟེ་ཁྱོད་རང་སླར་ཡང་ཕེབས་པར་ཉིན་ཞག་ག་ཙམ་སྒུག་པ་ཁྱོད་ཀྱིས་ཚོར་བྱུང་ངམ། ཁྱོད་ཉིད་སྒུག་པའི་ཉིན་སྒུག་ཞག་སྒུག་གི་འཇིག་རྟེན་འདིར། ནམ་ཞིག་ལ་ཁྱོད་ཀྱི་མཛེས་སྡུག་ལྡན་པའི་ཞལ་རས་དེ་མཐོང་སྲིད། ལྟོགས་སྐོམ་དང་བླུན་རྨོངས་ཀྱི་ཡུལ་གྲུ་འདི་ནས་ཐག་རིང་དུ་ཆས་པའི་ཁྱོད་ཉིད་གུ་ཡངས་ལ་གཏོང་སྲིད་དམ། གྲང་རླུང་ཆར་དྲག་གིས་ཁྱོད་ལ་གཡོ་འགུལ་གཏན་ནས་གཏོང་མི་ཐུབ། སྐྱོ་ལྷང་ལྷང་གི་ལོ་ཟླ་ཡོད་ཚད་ཤུལ་དུ་བསྐྱུར་ཏེ། ཡིད་དུ་འོང་བའི་མ་འོངས་པར་བསྒྲགས་ཡིག་ཅིག་ངེས་པར་དུ་སྒྲོག་དགོས། གྲག་མེད་འགུལ་མེད་ངང་རུལ་སོང་ན་བླ་སྲོག་ལ་ཚོན་རྩི་བྱུག་དོན་ཡེ་ནས་མེད་པར་འགྱུར་འགྲོ།དེ་བས། སེམས་ཐག་རྦད་ཆོད་ཀྱི་གོམ་ཁ་ཡར་སྤོ་དགོས། ཁྱོད་ཀྱི་སྐམ་རིད་ཀྱི་ངོ་གདོང་ལ་ནེམ་ཐིགས་ངེས་པར་དུ་དབབ་དགོས་ཨ།
ཁྱོད་ཀྱི་སྙིང་སྟོབས་ལྡན་པའི་སྐད་ཆ་རེ་རེས། ངའི་ལུས་སེམས་ལ་གཡོ་འགུལ་ཐེངས་མང་བྱས་སོང་། ངའི་མི་ཚོགས་ཀྱིས་ཁྱོད་ལ་འཕྱ་སྨོད་གཏོང་གིན་འདུག །ཁྱོད་ཀྱི་ཀི་ཚོགས་ཀྱིས་ཁྱོད་རང་རྡོག་རྫིས་བཏང་། དེ་ལྟ་ནའང་། བདག་གིས་ཁྱོད་ཀྱི་བསམ་བློ་བྲང་ལ་སྦྱར་ནས་ངའི་མི་ཚོགས་དང་ཁྱོད་ཀྱི་མི་ཚོགས་དགོངས་དག་གཏན་ནས་ཞུ་ན་མི་འདོད། རྒྱུ་མཚན། སྲ་ཞིང་མཁྲེགས་པའི་ཁྱོད་ཀྱི་རང་གཤིས་ལ་དོ་ཡ་མཁན་ང་དང་ཁྱོད་ཀྱི་མི་ཚོགས་ཁྲོད་དུ་གཏན་ནས་བྱུང་མ་མྱོང་། ཁོ་ཚོའི་སྨྱོ་ཧམ་གྱིས་བརྙན་བཅོས་ལ་ང་ཡང་ནམ་མགོ་སྒུར་མི་སྲིད། ངས་དུས་ནམ་ཡང་ཁྱོད་ཉིད་ང་རྒྱལ་དུ་བརླམས་ནས་ཁྱོད་ལ་བསྟོད་གླུ་ལེན་བཞིན་ཡོད། ཁྱོད་ཀྱི་ཕུགས་བསམ་ཁྱེར་འོང་བའི་འཇིག་རྟེན་ལྗང་གུ་དེ། ངས་ཀློག་མ་ཚར་བའི་ངོ་མཚར་བའི་འཇིག་རྟེན་ཞིག་ཡིན་ཨང་། ངས་ནམ་ཞིག་ལ་ངོ་མཚར་བའི་འཇིག་རྟེན་དེའི་གསང་ཨང་ཤེས་དུས་སྐོམ་གདུང་གིས་སྨྱོས་པའི་ང་ལ་ངལ་གསོ་ཡུད་ཙམ་ཐོབ་པའི་ངེས་ཤེས་ཡོད། དེ་བས། ཁྱོད་ཀྱི་ངོ་གདོང་གི་དུད་དྲེག་ངས་བཀྲུ་ན་འཇིག་རྟེན་འདི་ནས་འཁྲུད་ཆོག་ཨང་།
ང་ལ་རེ་བ་མང་པོ་ཞིག་ཡེ་ནས་མེད། ཕྱིར་མིག་གྲངས་མང་འཕངས་མྱོང་བའི་ཁྱོད་ཉིད་སྔར་བཞིན་འཚོ་དགོས། རྒྱང་རིང་གི་འཇིག་རྟེན་དེའང་མི་ཡུལ་གྱི་འཇིག་རྟེན་ཡིན་པས་ཁྱོད་ཉིད་ཁྱོད་ཀྱི་འཇིག་རྟེན་དུ་བཞུགས་དགོས། འཚོ་དགོས། ཁྱོད་ཉིད་རྒྱང་རིང་རྒྱང་རིང་ཞིག་ལ་བུད་སོང་རུང་། ཉིན་མོ་ལས་མཚན་མོ་རིང་བའི་འཇིག་རྟེན་འདི་ནས་ངས་སྔར་ལྟར། ཁྱོད་ཀྱི་ཞབས་རྗེས་འཚོལ་བཞིན་ཡོང་ཅིང་། དབུགས་ཀྱི་མཐའ་མ་འགགས་བར་དུ་ངས་སྔར་ལྟར་ཁྱོད་ཀྱི་མིང་བྱང་ཤུགས་ཀྱིས་བསྒྲག་ངེས།།
རྩོམ་གསར། 10